མཚོ་ནུབ་ཁུལ་བོད་ཀྱི་དམངས་ཁྲོད་བཤད་པའི་འགྲན་སྡུར་སྐབས་གཉིས་པ་མཚོ་ནུབ་ཁུལ་ཏུའུ་ལན་རྫོང་དུ་བསྡུས།
2018.08.18 ཁུངས། ཀློག་གྲངས། 1319

སྤྱི་ཟླ8པའི་ཚེས18ཉིན་གྱི་སྔ་དྲོར། མཚོ་ནུབ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་དང་ཏུའུ་ལན་རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུའུ་ཡིས་འགན་སྒྲུབ། ཐེམ་ཆེན་རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུའུ་དང་གུང་གཞོན་ཚོགས་པ་ཏུའུ་ལན་རྫོང་ཨུ་ཡོན་ལྷན་ཁང་། ཏུའུ་ལན་རྫོང་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་བཅས་ཀྱིས་རོགས་སྒྲུབ་གནང་བའི་མཚོ་ནུབ་ཁུལ་བོད་ཀྱི་དམངས་ཁྲོད་བཤད་པའི་འགྲན་སྡུར་སྐབས་གཉིས་པ་དེ་མཚོ་ནུབ་ཁུལ་ཏུའུ་ལན་རྫོང་དུ་བསྡུས།

བཤད་པའི་རིག་གནས་ནི་བོད་ཀྱི་དམངས་ཁྲོད་ན་འོད་དུ་འཚེར་བཞིན་པའི་སྲོལ་རྒྱུན་རིག་གནས་གལ་འགངས་ཆེ་བ་ཞིག་ཡིན་ལ། ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་བཀོལ་རྒྱ་ཆེ་བའི་རིག་གནས་རྩ་ཆེན་ཞིག་ཀྱང་ཡིན། དེ་ལ་ཇ་བཤད་དང་གཉེན་བཤད། ཆང་བཤད་སོགས་རྣམ་གྲངས་ཧ་ཅང་མང་པོ་ཡོད་པ་དང་། རྒྱུན་པར་གཉེན་སྟོན་དང་ཁང་སྟོན། བུ་སྟོན་སོགས་སྟོན་མོའི་མཛད་སྒོའི་སྟེང་གནས་དང་ཡུལ་ལ་བསྟོད་པ། རི་དང་ཆུ་ལ་བསྟོད་པ་ལྟ་བུའི་ནང་དོན་ཕུན་སུམ་ཚོགས་པ་ཡོད།

དེང་སྐབས་བོད་ཀྱི་བཤད་པའི་རིག་གནས་འདི་ཉིད་ཉིན་རེར་བཞིན་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་དང་ན་གཞོན་རྣམས་ཀྱིས་རིག་གནས་རྩ་ཆེན་འདིའི་རིན་ཐང་ལ་ངོས་ཟིན་བྱེད་ཐུབ་ཀྱིན་མེད་པ་ལ་དམིགས་ནས་མཚོ་ནུབ་ཁུལ་གྱིས་ཉེ་བའི་ལོ་འདི་དག་གི་རིང་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་སྤྱི་དང་སྒོས་སུ་བཤད་པའི་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་བྱེད་པའི་ཐད་ལ་ནུས་ཤུགས་བཏོན་དང་འདོན་བཞིན་ཡོད་པ་དང་། ལྷག་པར་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གྱི་སྐོར་ལ་བླང་བྱ་ནན་མོ་བཏོན་ཡོད་ལ། དམངས་ཁྲོད་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་བསྟར་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལས་དོན་གལ་ཆེན་ཞིག་ཡིན་པར་མ་ཟད། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཤུལ་བཞག་རིག་གནས་ཀྱི་ཉིང་བཅུད་འདི་ཉིད་མུ་མཐུད་ནས་རྒྱུན་འཛིན་དང་དར་སྤེལ་བྱ་རྒྱུ་ནི་ང་ཚོའི་ཕྲག་ཏུ་བབས་པའི་འོས་འགན་ཞིག་ཏུ་གྱུར་ཡོད། 

དེ་བས་ན་མཚོ་ནུབ་ཁུལ་གྱིས་རང་ས་གནས་ཀྱི་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་དར་སྤེལ་བྱ་ཆེད་སྔ་ཕྱིར་བོད་ཀྱི་སྲོལ་རྒྱུན་རིག་གནས་ལས་བཤད་པའི་རིག་གནས་ཀྱི་འགྲན་སྡུར་སྤེལ་བཞིན་ཡོད་པ་དང་། ཐེངས་འདིའི་འགྲན་སྡུར་ལ་མཚོན་ན་འགྲན་ཞུགས་པ་རྣམས་ནི་མཚོ་ནུབ་ཁུལ་གྱི་ཏུའུ་ལན་རྫོང་དང་ཐེམ་ཆེན་རྫོང་ནས་ཐོན་པ་ཡིན་ལ། བཤད་པའི་ནང་དོན་ལ་གནས་བསྟོད་དང་བསང་མཆོད་ཀྱི་སྐོར་དང་། གཉེན་བཤད་ཀྱི་སྐོར། བཤད་པ་གཞན་གྱི་སྐོར་བཅས་རིགས་གསུམ་དུ་དབྱེ་ནས་འགྲན་སྡུར་བྱས་པ་དང་། འགྲན་ཞུགས་པ་རྣམས་ཀྱིས་རང་ཉིད་ཀྱི་བློ་རིག་དང་སྨྲ་ལྕེ་ལ་བརྟེན་ནས་འཇོན་ནུས་མངོན་པར་བྱས་ཤིང་དཔྱད་འདེམས་པ་རྣམས་ཀྱིས་ཀྱང་འགྲན་སྡུར་གྱི་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་དང་དྲང་བཞག ལུགས་མཐུན་གྱི་རྩ་དོན་སྒོས་དཔྱད་འཇོག་བྱས་མཐར། ཨང་དང་པོ་གསུམ་དང་། ཨང་གཉིས་པ་གསུམ། ཨང་གསུམ་པ་གསུམ། ཕུལ་བྱུང་བྱ་དགའ་ལྔ།  རྟིང་སྐུལ་བྱ་དགའ་ལྔ་བཅས་བདམས་ཐོན་བྱུང་།

ཐེངས་འདིའི་འགྲན་སྡུར་སྤེལ་བ་བརྒྱུད་མཚོ་ནུབ་ཁུལ་གྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་།  ལྷག་པར་བཤད་པའི་རིག་གནས་འདི་ཉིད་མུ་མཐུད་ནས་མ་ཉམས་གོང་སྤེལ་བྱེད་པའི་ཐད་ལ་ཕན་ནུས་ངེས་ཅན་ཐོན་ངེས་པ་མ་ཟད། རྒྱ་ཆེའི་མི་དམངས་མང་ཚོགས་རྣམས་ལ་བོད་ཀྱི་རིག་གནས་ནི་རྒྱ་ཆེ་ཞིང་གཏིང་ཟབ་པ། རྣམ་པ་མང་ཞིང་ནང་དོན་ཕུན་སུམ་ཚོགས་པའི་བང་མཛོད་ཅིག་ཡིན་པ་ཤེས་སུ་བཅུག་ནས། རང་མི་རིགས་ཀྱི་རིག་གནས་ལ་སྔར་ལས་ལྷག་པའི་སྒོ་ནས་དོ་སྣང་བྱེད་པར་ནུས་ཤུགས་མི་དམན་པ་ཐོན་ངེས་རེད།

ཏུའུ་ལན་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།  འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་འཕགས་པ་ཐར་གྱིས་ཤིས་ཚིག་འབུལ་བཞིན་པ།

ཐེངས་འདིའི་མཛད་སྒོའི་སྟེང་ཕེབས་པའི་འབྲེལ་ཡོད་མགོ་ཁྲིད་དང་དཔྱད་འདེམས་པ་ལྷན་རྒྱས།


༼གནས་བསྟོད་དང་བསང་མཆོད་སྐོར་གྱི་འགྲན་ཞུགས་པ།༽


༼གཉེན་བཤད་སྐོར་གྱི་འགྲན་ཞུགས་པ།༽


༼བཤད་པ་གཞན་གྱི་སྐོར་གྱི་འགྲན་ཞུགས་པ།༽


རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

རྟིང་སྐུལ་བྱ་དགའ་ཐོབ་མཁན་རྣམས།

ཕུལ་བྱུང་བྱ་དགའ་ཐོབ་མཁན་རྣམས།

བྱ་དགའ་ཨང་གསུམ་པ་ཐོབ་མཁན་རྣམས།

བྱ་དགའ་ཨང་གཉིས་པ་ཐོབ་མཁན་རྣམས།

བྱ་དགའ་ཨང་དང་པོ་ཐོབ་མཁན་རྣམས།

རྩ་འཛུགས་བྱ་དགའ་ཐོབ་པའི་ལས་ཁུངས།༼ཐེམ་ཆེན་རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུའུ།༽

ཚོགས་རའི་ཟུར་ཞིག


གསར་འགོད་པ།   ལྕགས་ཐར་ཚེ་རིང་།   དབང་རྒྱལ་ཚེ་རིང་།   ཐུབ་བསྟན།