མགོ་ལོག་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་གྱི་བྱ་འགུལ་ཡོངས་སུ་མཇུག་སྒྲིལ།
2018.10.02 ཁུངས། ཀློག་གྲངས། 254

        ཟླ་བཅུ་བའི་ཚེས་གཉིས་ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། ཧྲང་ཧེ་མཉམ་འདྲིས་གཞུང་སྒྲུབ་ཁང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི“གེ་སར་ཧྲང་ཧེ་ཡི་འཇིག་རྟེན་ཆེན་མོར་བསྐྱོད་པ”ཞེས་པའི་མགོ་ལོག་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་དང་ཡུལ་སྐོར་འགྲེམ་སྟོན་གཟའ་འཁོར་གྱི་བྱ་འགུལ་ཡོངས་སུ་མཇུག་སྒྲིལ་བ་དང་། མཇུག་བསྡུ་བའི་མཛད་སྒོའི་སྟེང་ཧྲང་ཧེ་གྲོང་ཁྱེར་དང་མགོ་ལོག་ཁུལ་གྱི་འབྲེལ་ཡོད་མགོ་ཁྲིད་རྣམས་ཞུགས་ཡོད་ལ། མི་རིགས་གླུ་གར་ཚོགས་པ་དང་ཁུལ་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་གཉིས་ཀྱིས་ཡང་བསྐྱར་ཧྲང་ཧེའི་སྡོད་དམངས་དང་ཕྱོགས་སོ་སོ་ནས་ཕེབས་པའི་མགྲོན་པོ་རྣམས་ལ་གླུ་གར་གྱི་ལེགས་སྐྱེས་གྱ་ནོམ་པ་ཕུལ།

       མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་དང་ཡུལ་སྐོར་འགྲེམ་སྟོན་གཟའ་འཁོར་གྱི་བྱ་འགུལ་འདི་ནི“ང་ཚོ་མཉམ་དུ་གཙང་བོ་གཅིག་ལ་རོལ། མཚོ་སྔོན་དང་ཧྲང་ཧེའི་སེམས་པ་གཅིག་ཏུ་སྦྲེལ”ཞེས་པ་བརྗོད་གཞི་ཡིན་པའི་རིག་རྩལ་འཁྲབ་སྟོན་དང་ཤུལ་བཞག་རིག་གནས་འགྲེམ་སྟོན་གྱི་བྱ་འགུལ་ཞིག་ཡིན་པ་དང་། མགོ་ལོག་ཁུལ་གྱིས་འཛམ་གླིང་ན་སྙན་གྲགས་ཆེས་ཆེར་རྒྱས་ཡོད་པའི་ཧྲང་ཧེ་གྲོང་ཁྱེར་གྱི་གར་སྟེགས་ཆེན་པོ་འདི་བརྒྱུད་ནས། “སྒོ་འབྱེད་དང་དཀྱེལ་ཡངས། ཕྱིར་བསྐྱོད”བཅས་ཀྱི་རྣམ་པས་རང་ས་གནས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སྔར་ལས་མང་པའི་གཟིགས་མོ་བ་རྣམས་ལ་ཤེས་སུ་འཇུག་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པར་ནུས་ཤུགས་གང་ཡོད་གདོན་པ། དེ་མིན་ཕྱོགས་ཡོངས་ནས་མགོ་ལོག་ཁུལ་གྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་ལས་རིགས་མུ་མཐུད་ནས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བ་བཅས་དམིགས་ཡུལ་དུ་བཟུང་ཡོད་པ་རེད།

       ཐེངས་འདིའི་བྱ་འགུལ་ཉིན་བདུན་གྱི་རིང་ལ་སྤེལ་བ་དང་། བྱ་འགུལ་སྟེང་མགོ་ལོག་ཁུལ་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་དང་ཡུལ་སྐོར་འོས་སྦྱོར་ཚོགས་འདུ། སྐོར་སྐྱོད་འཁྲབ་སྟོན་བཅས་ཕྱོགས་ཆེན་པོ་གསུམ་གཙོར་བཟུང་ཡོད་ལ། བྱ་འགུལ་གྱི་རྣམ་གྲངས་སོ་སོ་གོ་རིམ་ལྡན་ཞིང་ཆ་ཚང་བའི་སྒོ་ནས་སྤེལ་བས་ཐེངས་འདིའི་བྱ་འགུལ་ཡང་བདེ་བླག་ངང་མཇུག་སྒྲིལ། བྱ་འགུལ་འདིས་མགོ་ལོག་དང་ཧྲང་ཧེའི་འབྲེལ་ལམ་སྔར་ལས་ཇེ་ཟབ་ཏུ་འགྲོ་བར་ནུས་ཤུགས་མི་དམན་པ་ཐོན་ཐུབ་པ་མ་ཟད། ཧྲང་ཧེའི་སྡོད་དམངས་ལ་བོད་ཀྱི་གླུ་གར་རིག་གནས་ལ་རྒྱུས་ལོན་བྱེད་པར་སྟབས་བདེ་གང་ལེགས་བསྐྲུན་པས། རྗེས་ཕྱོགས་སུ་ཧྲང་ཧེས་མགོ་ལོག་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞོར་དུ་ཕྱོགས་གཉིས་ཀས་རིག་གནས་དང་ཡུལ་སྐོར་སོགས་ཕྱོགས་གང་ཐད་ནས་མཉམ་ལས་བྱས་ཏེ། མཛེས་སྡུག་གི་མགོ་ལོག་གསར་བ་ཞིག་གཟུགས་པར་ཕན་ནུས་ཆེན་པོ་ཐོན་ངེས་རེད།

མགོ་ལོག་ཁུལ་གྱི་ཁུལ་དཔོན་གཞོན་པ་འབྲུག་སྐྱིད་ཀྱིས་ཤིས་ཚིག་འབུལ་བཞིན་པ།

མཛད་སྒོར་ཕེབས་པའི་འབྲེལ་ཡོད་མགོ་ཁྲིད་རྣམས།

མགོ་ལོག་གིས་ཧྲང་ཧེར་ལེགས་སྐྱེས་འབུལ་བཞིན་པ།

མདོ་འཛིན་པ།

གེ་སར་འཁྲབ་སྟོན་བྱེད་བཞིན་པ།

ཁྱད་ཆོས་ལྡན་པའི་དཀྲོལ་ལེན།

དམངས་གླུ་ལེན་བཞིན་པ།

གར་གྱི་སྟངས་སྟབས།

གེ་སར་སྒྲུང་རབས་བཤད་བཞིན་པ།

དམངས་གླུ་ལེན་བཞིན་པ།

སྙན་མོ་ངག་གི་འགྱུར་ཁུག

གར་གྱི་སྟངས་སྟབས།

གཟིགས་མོ་བའི་ཚོགས།

མཛད་སྒོ་ཡོངས་སུ་མཇུག་རྫོགས་པ།