ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་དབུལ་སྐྱོར་ཉིན་མོའི་བྱ་འགུལ་རབ་དང་རིམ་པ་སྤེལ།
2018.10.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན།   ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་དབུལ་ཕོངས་སྡེ་བར་སྐྱོད་པ་དང་།  དབུལ་ཕོངས་མང་ཚོགས་དང་མཉམ་དུ་དབུལ་སྐྱོར་ཉིན་མོར་རོལ་ཞེས་པ་དང་།   མི་རིགས་མཐུན་སྒྲིལ་ཡར་ཐོན་སྡེ་བར་སྐྱོད་པ་ཞེས་པ་བརྗོད་གཞི་ཡིན་པའི་བྱ་འགུལ་སྤེལ་ཏེ།   ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་དང་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་།  ཞིང་ཆེན་ཁྲིམས་འཛིན་ཐིན།  ཞིང་ཆེན་ཞིང་ཕྱུགས་ཐིན་སོགས་སྡེ་ཁག་དང་མཉམ་འབྲེལ་གྱིས་བྱ་བའི་ཚན་ཆུང་གསུམ་གྲུབ་པར་བྱས་ནས་སྟོང་སྐོར་རྫོང་དང་ཟི་ལིང་དཀྱིལ་སྙིང་ཐང་ཆེན་སོགས་སུ་སོང་ནས་དབུལ་སྐྱོར་ཐད་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ།

ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག་སོ་སོས་འགྲེམ་བྱང་འགེལ་བ་དང་དྲིལ་སྒྲོག་ཡིག་རིགས་སྟེར་བ།  ཡུལ་དངོས་བློ་འདོན་བྱེད་པ་སོགས་རྣམ་པ་བརྒྱུད་དེ་རྒྱུ་ཆེའི་མང་ཚོགས་རྣམས་ལ་ཏང་གི་དབུལ་ཐར་མཁྲེགས་གཏོར་སྲིད་ཇུས་དང་།  ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ཀྱི་དམིགས་འབེན་ལས་འགན་དང་གཞི་རྩའི་འཐབ་ཇུས།  སྲིད་ཇུས་བྱེད་ཐབས།  བླངས་པའི་གྲུབ་འབྲས་བཅས་དྲིལ་སྒྲོག་བྱས།   ཐེངས་འདིའི་བྱ་འགུལ་ཁྲོད་བསྡོམས་པས་གནད་ཕིགས་དབུལ་ཕོངས་ཁྱིམ་ཚང་དང་ཏང་ཡོན་རྒན་པ་དང་འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན།  ཕ་མ་གམ་དུ་མེད་པའི་བྱིས་པ་སོགས་ཁྱིམ་ཚང་གོ་གཉིས་ལ་མཚམས་འདྲི་བྱས་པ་དང་།   མི་བརྒྱ་ལྷག་ལ་རིན་མེད་པར་ནད་བརྟག་སྨན་བཅོས་བྱས་ཏེ་རིན་ཐང་སྒོར་སྟོང་གསུམ་ལྷག་གི་སྨན་རྫས་བྱིན་པ་དང་།   རིན་ཐང་སྒོར་ཁྲི་བཞི་ལྷག་གི་རྐུབ་སྟེགས་འཁོར་ལོ་ཅན་དང་ཉན་ཆས།  ལྭ་བ་སོགས་བྱིན་པར་མ་ཟད།  རིགས་སོ་སོའི་དྲིལ་སྒྲོག་ལག་དེབ་སྟོང་གཅིག་ལྷག་བྱིན།