རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྲིད་གཞུང་གིས་སྣེ་ཁྲིད་དང་སྤྱི་ཚོགས་ཟབ་ཞུགས། ཁྲིམས་སྐྱོང་ཡར་སྐུལ། དམངས་ཚིས་ཞབས་ཞུ། ཡུལ་བབ་དང་བསྟུན་པ། བརྟན་འཇགས་སྐུལ་འདེད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྡེ་བ་གཅིག་ལ་བཅའ་ཁྲིམས་བློ་འདོན་པ་གཅིག་གི་བྱ་བའི་ལམ་ལུགས་ཅན་དང་ཚད་ལྡན་ཅན་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། སྤྱི་བའི་ཁྲིམས་ལུགས་ཞབས་ཞུ་ཞིང་སྡེ་དང་གཞིས་ཁུལ་དུ་མཆེད་པར་སྐུལ་འདེད་བཏང་བར་མ་ཟད།་རྒྱ་ཆེའི་གཞི་རིམ་ལས་བྱེད་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། གཞི་རིམ་དམངས་གཙོ་བཅའ་ཁྲིམས་འཛུགས་སྐྲུན་ལ་ཡར་སྐུལ་དང་། གཞི་རིམ་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ལ་ཤུགས་ཆེན་པོས་སྲུང་སྐྱོབ་བྱས།
གཅིག་ནས་ཐོན་ཁུངས་ལེགས་སྒྲིག་བྱས་ཏེ་ཧུར་ཐག་གིས་སྐུལ་འདེད་བཏང་། ཁུལ་ཡོངས་ཀྱི་སྡེ་བ་ཉིས་བརྒྱད་དང་གྱ་བདུན་གྱི་བཅའ་ཁྲིམས་དགོས་མཁོ་དང་བཅའ་ཁྲིམས་ཞབས་ཞུ་མི་སྣ་དཀོན་པར་དམིགས་ནས་ཁུལ་ཡོངས་སུ་སྡེ་བ་གཅིག་ལ་བཅའ་ཁྲིམས་བློ་འདོན་པ་གཅིག་གི་དགོས་མཁོར་རྟོག་ཞིབ་དང་གནད་ཕིགས་ཇུས་བསྟར་བྱས་ཏེ་བཅའ་ཁྲིམས་བློ་འདོན་པ་ཁེབས་ཚུལ་སྔར་ལས་ལུགས་མཐུན་དང་བཅའ་ཁྲིམས་ཞབས་ཞུ་སྔར་ལས་འཐུས་ཚང་དུ་བཏང་། ཟི་ལིང་གྲོང་ཁྱེར་ཁྲིམས་རྩོད་པའི་མཐུན་ཚོགས་དང་མཐུན་སྦྱོར་བྱས་ཏེ་མཚོ་སྔོན་ཧོས་ཧོང་དང་མཚོ་སྔོན་ལིས་ཀྲན་སོགས་ཁྲིམས་རྩོད་པའི་ལས་གཉེར་ཁང་ནས་ཆབ་སྲིད་ལངས་གནས་མཐོ་བ་དང་ལས་སྒོའི་ཉམས་མྱོང་ཕུན་སུམ་ཚོགས་པའི་ཁྲིམས་རྩོད་པ་བཞི་བཅུ་བདམ་ནས་ཁུལ་ཡོངས་ཀྱི་སྡེ་བ་གཅིག་ལ་བཅའ་ཁྲིམས་བློ་འདོན་པ་གཅིག་གི་འགན་ཁུར་དུ་བཅུག་སྟེ་བཅའ་ཁྲིམས་ཞབས་ཞུ་མི་སྣ་དཀོན་པའི་གནད་དོན་དང་བཅའ་ཁྲིམས་བློ་འདོན་པ་ཁྱོན་ཡོངས་ལ་ཁེབས་པར་བྱེད་པའི་གནད་དོན་ཐག་བཅད། གཉིས་ནས་རྣམ་པ་གསར་གཏོད་བྱས་ཏེ་ཕན་ནུས་ཐོབ་པར་འགན་སྲུང་བྱས། ཁྱོན་ཡོངས་ནས་ཏང་འཛུགས་རྣམ་པར་སྐུལ་འདེད་བཏང་སྟེ་ས་ཁམས་གནས་བབ་དང་འགྲིམ་ཚུལ་གནས་ཚུལ། གཏན་སྡོད་མི་གྲངས། བཅའ་ཁྲིམས་དགོས་མཁོ་སོགས་ཀྱི་རྒྱུ་རྐྱེན་ལ་དམིགས་ནས་སྡེ་བའི་བཅའ་ཁྲིམས་བློ་འདོན་པའི་གནས་སྐབས་ཏང་ཀྲི་པུའུ་བཙུགས་ཏེ་ཁུལ་ཡོངས་ཀྱི་སྡེ་བ་གཅིག་ལ་བཅའ་ཁྲིམས་བློ་འདོན་པ་གཅིག་གི་དོ་དམ་ལ་ཤུགས་བསྣན་པ་དང་། བཅའ་ཁྲིམས་བློ་འདོན་པ་ཕན་ཚུན་གསབ་རེས་བྱེད་པ་མངོན་འགྱུར་བྱས་ལ། ཁུལ་ཡོངས་ཀྱི་སྡེ་བ་སོ་སོར་བཅའ་ཁྲིམས་བློ་འདོན་པའི་ཁེབས་པར་འགན་སྲུང་བྱས།