རེབ་གོང་རྫོང་བཙན་མོ་ཞང་ཀླུ་ཚང་སྡེ་བས་གནས་སྐོར་དབུལ་སྐྱོར་བྱས་པས་དབུལ་ཐར་གྱི་ལམ་གསར་བར་ཞུགས།
2018.11.05 ཁུངས། ཀློག་གྲངས། 155

རེབ་གོང་རྫོང་བཙན་མོ་ཞང་ཀླུ་ཚང་སྡེ་བ་ཡོད་ས་ནི་ས་ཐག་རིང་ཞིང་། འགྲོ་འདུག་སྟབས་མི་བདེ་ལ། ཐོན་སྐྱེད་འཚོ་བའི་རྣམ་པ་རྗེས་ལུས་ཅན་ཞིག་ཡིན་པས། དཔལ་འབྱོར་འཕེལ་རྒྱས་སུ་སོང་བ་ཅུང་དལ་མོད། གནད་ཁེལ་དབུལ་སྐྱོར་བྱ་བ་འགོ་བརྩམས་པ་ནས་བཟུང་སྡེ་བ་འདིས་རང་གི་ཐོན་ཁུངས་དང་ས་གནས་ཀྱི་ལེགས་ཆར་གཞིགས་ནས། གོམ་སྟབས་གསུམ་གྱི་འཐབ་ཇུས་བེད་སྤྱད་དེ་ཞིང་སྡེའི་གནས་སྐོར་དབུལ་སྐྱོར་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་བས། དབུལ་བོ་མང་ཚོགས་ཀྱི་ཡོང་སྒོ་འཕར་བསྣོན་བྱས་ཏེ་དབུལ་ཐར་ལ་སྐུལ་འདེད་བྱས།

གོམ་སྟབས་དང་པོ་ནི་སྡེ་བའི་རྨང་གཞིའི་བཀོད་སྒྲིག་ལེགས་བཅོས་བྱེད་པ་ནས་འགོ་བརྩམས་པ་སྟེ། 2015ལོར་མ་དངུལ་སྒོར་ས་ཡ་བདུན་བཏང་ནས་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་དང་ཉེན་ཁང་ལེགས་བཅོས། བྱ་དགའི་རང་བཞིན་གྱི་སྡོད་ཁང་། གྱང་ངོས་མཛེས་བཟོ། ལྗང་བསྒྱུར་དང་འོད་ཅན་སོགས་ལས་གཞི་རྣམ་གྲངས་མང་པོ་ལག་བསྟར་བྱས་ནས། སྡེ་བའི་རྣམ་པར་གནམ་ས་བླ་འོག་བསྒྱུར་འདྲའི་འགྱུར་ལྡོག་བྱུང་བས། སྡེ་མི་རྣམས་ལ་སྤྲོ་བ་རྒྱས་ལ། དབུལ་ཐར་ཕྱུག་འགྱུར་གྱི་ཡིད་ཆེས་ཇེ་བརྟན་ལ་སོང་བ་དང་། ལོ་དེར་ཆེས་ཐོག་མའི་གནས་སྐོར་ཚོགས་པ་སྡེ་བ་དེ་རུ་དྲངས།

གོམ་སྟབས་གཉིས་པ་ནི་སྐྱེ་ཁམས་གནས་སྐོར་བཟོ་སྐྲུན་བྱེད་པ་ནས་འགོ་བརྩམས་པ་སྟེ། 2016ལོར་སྒོར་ས་ཡ་གསུམ་བཏང་ནས་ཞིང་སྡེའི་གནས་སྐོར་དབུལ་སྐྱོར་ལས་གཞི་ལག་བསྟར་བྱས་ཏེ། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ700ལྷག་ཡོད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་ཕྱུག་པ། སྡེ་བ་དང་རི་ཆུ་གཟུགས་གཅིག་ཏུ་འདྲེས་བའི་ཞིང་སྡེའི་མགྲོན་ཁང་14འཛུགས་སྐྲུན་བྱས་པས། གནས་སྐོར་བར་མཐོ་སྒང་གི་ཁྱད་འཕགས་བོད་ཁུལ་གྱི་འཚོ་བར་ཉམས་ལེན་བྱེད་རྒྱུ་མཁོ་སྤྲོད་བྱས།བཙན་མོའི་ཆུ་བོ་གཡེང་བཞུར་གསར་སྤེལ་གྱི་ལས་གཞིས་གནས་སྐོར་བར་རང་བྱུང་ཁམས་ཆེན་མོའི་མཛེས་ཉམས་ལ་རོབ་མྱོང་བྱས་སུ་བཅུག བོད་ཀྱི་སྲོལ་རྒྱུན་ཟློས་གར་དང་ལྷ་རྩེད་སོགས་ཁྱད་འཕགས་ཀྱི་འཁྲབ་སྟོན་དང་བཅུད་ལྡན་ལྗང་མདོག་བོད་ཟས་ཀྱིས་གནས་སྐོར་བར་བོད་ཀྱི་རིག་གནས་རོབ་མྱོང་བྱེད་དུ་བཅུག སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཞིང་སྡེའི་ལྟ་གཟིགས་གནས་སྐོར་མཉམ་ལས་ཁང་བཙུགས་ནས་གནས་སྐོར་ཐོན་ལས་དོ་དམ་ལ་ཤུགས་བསྣོན་བྱས།ལོ་དེར་ཀླུ་ཚང་སྡེ་བ་རྒྱལ་ཡོངས་མཛེས་སྡུག་ལྡན་པའི་སྡེ་བར་བདམས་པས་སྐད་གྲགས་ཕྱོགས་བཅུར་ཁྱབ་ལ། སྒེར་འཁོར་གནས་སྐོར་གྱི་ཡུལ་གཙོ་བོར་གྱུར། ལོ་ཧྲིལ་བོའི་གནས་སྐོར་ཡོང་སྒོ་སྒོར་འབུམ་བཞི་ལས་བརྒལ་བར་བྱས།

གོམ་སྟབས་གསུམ་པ་ནི་སྣ་འདུས་ཅན་གྱི་སྐྱེ་ཁམས་སྤྲོ་གསེང་ཐོན་ལས་ནས་འགོ་བཙུགས་པ་སྟེ།2017ལོར་གོམས་གང་མདུན་སྤོས་ཀྱིས་ཞིང་སྡེའི་གནས་སྐོར་ཐོན་ལས་ཀྱི་ཇུས་འགོད་དང་ལས་གཉེར་ཚད་ལྡན་ཅན་དུ་གཏོང་ཆེད། ཚོང་འགུག་དངུལ་འདྲེན་བྱས་པ་བརྒྱུད་སྡེ་བ་ཡོངས་ཀྱི་ས་ཞིང་མུའུ་107ལ་མེ་ཏོག་དང་སྨན་རྩ། བོད་ཇ་སོགས་དཔལ་འབྱོར་རིན་ཐང་དང་ལྟད་མོའི་རིན་ཐང་གཞི་གཅིག་ཏུ་འདྲེས་བའི་ལོ་ཏོག་སྣ་ཚོགས་བཏབས་པས། མཛེས་སྡུག་ལྡན་ལ་དྲི་ངད་ལྡིང་བར་བྱས། མང་ཚོགས་རྣམས་སྲོལ་རྒྱུན་གྱི་ཞིང་ཕྱུགས་ཐོན་ལས་ནས་མཉམ་ལས་ཁང་དང་ཁེ་ལས་ཀྱི་ཕྱོགས་སུ་ཐོད་བརྒལ་བྱས་ཏེ་ཡོང་སྒོ་སྔར་ལས་འཕར་བསྣོན་བྱས།

ཞིང་སྡེའི་གནས་སྐོར་འཕེལ་རྒྱས་སུ་གཏོང་བ་ནི་རི་སྔོན་ཆུ་དྭངས་དེ་གསེར་རི་དངུལ་རིའི་ཐོན་ལས་ཅན་དུ་བསྒྱུར་བ་ཞིག་ཡིན་ལ། དབུལ་ཐར་ཕྱུག་འགྱུར་གྱི་གལ་ཆེའི་ཐབས་ལམ་ཞིག་ཀྱང་ཡིན། བཙན་མོ་ཀླུ་ཆུ་སྡེ་བས་ཕུན་ཚོགས་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདོན་བྱས་བས། ཁྱད་ཆོས་ལྡན་པའི་གནས་སྐོར་དབུལ་སྐྱོར་གྱི་བགྲོད་ལམ་གསར་བར་ཞུགས་ཤིང་། དབུལ་ཐར་མཁྲེགས་གཏོར་ལ་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་།


                                                                                                            གསར་འགོད་པ། ཀླུ་ཐར་བྱམས།