མཚོ་ནུབ་ཁུལ་གྱིས་སྟོབས་ཤུགས་ཡོད་རྒུས་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་བཟོ་སྐྲུན་འཛུགས་སྐྲུན་ཐད་སྐུལ་འདེད་བཏང་།
2018.11.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

མཚོ་ནུབ་ཁུལ་གྱི་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱེད་པ་དང་།   རོང་འབྲོག་ཁུལ་གྱི་འཐུང་ཆུའི་བཟོ་སྐྲུན་གྱི་ཆུ་འདོན་འགན་སྲུང་ཚད་གཞི་དང་ཆུའི་སྤུས་ཚད།  གཅིག་བསྡུས་ཆུ་འདོན་ཚད་གཞི།   རང་འབབ་ཆུ་ཁེབས་ཚད་བཅས་མཐོར་འདེགས་གཏོང་ཆེད།  མཚོ་ནུབ་ཁུལ་ནོར་སྲིད་ཅུའུ་ཡིས་ཁུལ་རིམ་པའི་ཞིང་སྡེ་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་བཟོ་སྐྲུན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་དང་སྦྲེལ་མཐུད་བྱས་ཏེ་ནོར་སྲིད་དངུལ་གཏོང་ཤུགས་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་མཚོ་ནུབ་ཁུལ་གྱི་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་བཟོ་སྐྲུན་འཛུགས་སྐྲུན་ཐད་ཤུགས་ཆེན་པོས་སྐུལ་འདེད་བཏང་།

ཉིས་སྟོང་བཅོ་བརྒྱད་ལོར།   ཁུལ་ཡོངས་ཀྱི་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་བཟོ་སྐྲུན་ཐད་མ་དངུལ་སྒོར་བྱེ་བ་གཉིས་དང་འབུམ་བརྒྱད་བཏང་བ་དང་།  དེའི་ཁྲོད། ཁུལ་ནོར་སྲིད་ཀྱིས་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་བཟོ་སྐྲུན་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བརྒྱད་འབུམ་དྲུག་ཁྲི་གསུམ་བཏང་།   རྫོང་རིམ་པའི་མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་གཅིག་ཁྲི་བདུན་གྲབས་གསོག་བྱས་ཏེ་གྲོང་ཁྱེར་གཉིས་དང་རྫོང་གསུམ་གྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱེད་པ་དང་།  འཐུང་ཆུའི་བདེ་འཇགས་བཟོ་སྐྲུན་གྱི་དོ་སྲུང་ཆུ་ཚད་དང་ཆུ་འདོན་འགན་སྲུང་ཆུ་ཚད་མཐོར་འདེགས་གཏོང་བའི་ཐད་བཀོལ་སྤྱོད་བྱས།  ཐེངས་འདིའི་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་བཟོ་སྐྲུན་དེ་སྡེ་བ་སོ་བཞི་དང་མི་ཁྲི་གཅིག་ལྷག་དང་འབྲེལ་ཡོད།

ཞིང་སྡེའི་འཐུང་ཆུའི་བདེ་འཇགས་དེ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་གཞི་རྩའི་འཚོ་གནས་དང་འབྲེལ་བ་ཡོད་པ་དང་།  འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་ལ།   མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་།   མགྱོགས་མྱུར་སྒོས་ཐག་གཅོད་བྱེད་དགོས་པའི་ཆུ་བེད་གནད་དོན་ཡིན་པས།   ཁུལ་ནོར་སྲིད་ཀྱིས་མུ་མཐུད་དུ་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ་གོང་རིམ་ནོར་སྲིད་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ་དང་།   རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་འགན་སྲུང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་དང་ལེགས་བཅོས་བྱེད་རྒྱུ་རེད།