མོག་བུ་ཡེ་ཤེས་སྐྱབས་ཀྱི་བྱིས་པའི་ཀློག་དེབ༼བེའུ་རྫི་སྐྱ་རིལ༽འགྲེམ་སྤེལ་མཛད་སྒོ་དང་བགྲོ་གླེང་ཚོགས་འདུ་བསྡུས།
2018.11.09 ཁུངས། ཀློག་གྲངས། 119

མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་། ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོས་རོགས་སྒྲུབ་གནང་བའི་ཚྭ་འདམ་གཞོང་རྩོམ་རིག་སྒྱུ་རྩལ་གྱི་མུ་འབྲེལ་གླེང་སྟེགས་གསུམ་པ་སྟེ། མོག་བུ་ཡེ་ཤེས་སྐྱབས་ཀྱི་བྱིས་པའི་ཀློག་དེབ༼བེའུ་རྫི་སྐྱ་རིལ༽འགྲེམ་སྤེལ་མཛད་སྒོ་དང་བགྲོ་གླེང་ཚོགས་འདུ་རྟ་མཆོག་གི་ཡུལ་གྲུ་ཐེམ་ཆེན་ནས་བསྡུས །

བྱིས་པའི་ཀློག་དེབ་འདི་ནི་མོག་བུ་ཡེ་ཤེས་སྐྱབས་ཀྱི་༼སྲོག་གི་སྐྱ་ཡ༽དང༼ལབ་རྩིད་ཞགས་ནག་པོ༽༼འདང་བལ་དཀར་ཁ་ཆུ༽༼རྟོག་ཐག་ཁྲ་ཁྲ༽བཅས་ཀྱི་རྗེས་ནས་པར་སྐྲུན་བྱས་པའི་བྱིས་སྒྲུང་དེབ་ཅིག་ཡིན།

ཐེངས་འདིའི་འགྲེམ་སྤེལ་ཚོགས་འདུའི་སྟེང་ཁུལ་དང་རྫོང་གི་ལས་ཁུངས་སོ་སོ་ནས་ཡོང་བའི་ལས་བྱེད་པ་དང་། དགེ་རྒན་སོགས་མི་སྣ༡༠༠ལྷག་ཞུགས་ཡོད།

མོག་བུ་ཡེ་ཤེས་སྐྱབས་ཀྱི་བྱིས་པའི་ཀློག་དེབ༼བེའུ་རྫི་སྐྱ་རིལ༽ནི་བེའུ་རྫི་སྐྱ་རིལ་སློབ་གྲྭར་འགྲོ་བའི་ཉིན་དང་པོ་ནས་མགོ་བརྩམས་ཏེ། སློབ་གྲྭའི་ནང་འཕྲད་པའི་དོན་དག་ཆེ་མ་ཆུང་གསུམ་བསླབ་བྱར་བཟུང་སྟེ། བེའུ་རྫི་སྐྱ་རིལ་ཁོའི་ལྷད་མེད་ཀྱི་བརྩེ་སེམས་དང་། ཁོའི་ཡ་རབས་ཀྱི་ཀུན་སྤྱོད་བཟང་བོ། ཡང་ན་སློབ་གྲྭའི་ནང་སློབ་སྦྱོང་ལ་འབད་པའི་སློབ་བུ་བཟང་བོ་ཞིག་དང་། སློབ་གསེང་གི་སྐབས་ཕ་མར་བརྩི་བཀུར་ཡོད་པའི་བྱིས་པ་ཡ་རབས་ཤིག་གི་སྣང་བརྙན་བསྐྲུན་ནས། བྱིས་པ་རྣམས་ཀྱི་དངོས་ཡོད་འཚོ་བ་དང་ཧ་ཅང་ཐག་ཉེ་བ་དང་། བྱིས་པའི་བསམ་བློའི་འཁྱེར་སོ་དང་མཐུན་པ། ཚིག་ཉུང་ཞིང་དོན་བསྡུས་པ་བཅས་ཀྱི་ཁྱད་ཆོས་འཛོམས་པས་ཀློག་པ་པོ་ཆུང་ཆུང་ལ་ཀུན་ནས་འཚམ་པའི་བྱིས་པའི་ཀློག་དེབ་ཅིག་ཡིན་པ་མ་ཟད། ད་དུང་བར་བཅུག་རི་མོ་རེ་རེ་ལ་གསོན་ཉམས་ལྡན་ཞིང་ཁྱད་མཚར་ལྡན་པའི་ཀློག་པ་པོ་ཆུང་ཆུང་རྣམས་ཀྱིས་ལྟ་སྤྲོ་ཞིང་བཀླག་འདོད་པའི་དགོས་མཁོ་བསྐངས་ཡོད།

མཛད་སྒོའི་སྟེང་ཞུགས་པའི་ཚོགས་མི་རྣམས་ཀྱིས་མོག་བུ་ཡེ་ཤེས་སྐྱབས་ཀྱི་བྱིས་པའི་ཀློག་དེབ་ཀྱི་སྐོར་ནས་བགྲོ་གླེང་བྱས་པ་དང་། ཁོའི་བྱིས་པའི་ཀློག་དེབ་འདི་ལ་གདེངས་འཇོག་ཆེན་པོ་ཐོབ། ཚིག་གི་སྦྱོར་བ་དང་། ནང་དོན་གྱི་ཆ་ནས་མི་རིགས་རང་གི་ཁྱད་ཆོས་ཀྱིས་ཕྱུག་ཡོད་པ་མ་ཟད། ད་དུང་བོད་རང་གི་སྲོལ་རྒྱུན་གྱི་ཤ་རུས་སུ་ཟུག་པའི་ཡ་རབས་གུས་ཞབས་ཀྱི་སྤྱོད་བཟང་དང་། ཁ་ལེན་ཚིག་བརྩི། རྒན་བཀུར་གཞོན་གཅེས། སྐྱེ་ཁམས་ལ་སྲུང་སྐྱོབ། འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་སོགས་བྱིས་སྒྲུང་གི་ལམ་ནས་སྤྱི་ཚོགས་དངོས་ཀྱི་འཚོ་བའི་ཁྲོད་བསླབ་བྱའི་ནུས་པ་ཐོན་ཡོད་པ་བསྟན། དེ་མིན་རང་རང་སོ་སོས་བྱིས་པའི་ཀློག་དེབ་ཀྱི་དགེ་མཚན་དང་ཕན་ནུས་ཕྱོགས་ནས་ཀྱང་བསམ་ཚུལ་བརྗེ་རེས་བྱས།