གསར་འགོད་པས་མཚོ་སྔོན་ཞིང་ཆེན་ས་གནས་ནད་རིགས་སྔོན་འགོག་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་དྲུག་ལོར་མཚོ་སྔོན་ཞིང་ཆེན་གྱིས་ཐུམ་འབུའི་ནད་འགོག་བཅོས་ལས་གཞི་ལག་བསྟར་བྱས་པ་ནས་མིག་སྔའི་བར། ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་འགོག་བཅོས་ལས་གཞིའི་རྫོང་སྔོན་གྱི་གསུམ་ནས་ད་ལྟའི་སོ་དགུ་རུ་འཕར་སྣོན་བྱུང་སྟེ་ཞང་དང་གྲོང་རྡལ་སུམ་བརྒྱ་ང་ལྔ་དང་སྲིད་འཛིན་སྡེ་བ་སྟོང་བཞི་ལྷག་དང་འབྲེལ་ཡོད་པ་དང་། ལས་གཞིའི་རྫོང་གིས་ཞིང་ཆེན་ཡོངས་ཀྱི་རྗོང་ཁག་དག་གི་བརྒྱ་ཆའི་གྱ་བཞི་དང་གྲངས་ཆུང་བདུན་བརྒྱད་ཟིན་ཡོད།
ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཐུན་འཕྲོད་བསྟེན་ཆེད་སྤྱོད་མ་དངུལ་གྱི་ཐུམ་འབུམ་ནད་འགོག་བཅོས་ལས་གཞི་སྤེལ་ཏེ་ཐུམ་འབུའི་ནད་འགོག་བཅོས་བྱ་བར་གྲུབ་འབྲས་གསར་པ་བླངས། ཞིང་ཆེན་ས་གནས་ནད་རིགས་འགོག་བཅོས་ཁང་གིས་ཞིང་ཆེན་ཡོངས་ཀྱི་ལས་གཞིའི་རྫོང་སོ་དགུ་ལ་མཛུབ་སྟོན་དང་གསོ་སྦྱོང་། སྣེ་ཁྲིད་བྱས་ཏེ་ཐུམ་འབུའི་ནད་ཞིབ་བཤེར་བྱ་བ་སྤེལ་བ་དང་། ཉིས་སྟོང་བཅུ་བདུན་ལོའི་ལོ་མཇུག་བར་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་མི་ས་ཡ་བཞི་དང་འབུམ་གཅིག་ཁྲི་བརྒྱད་ལ་ཞིབ་བཤེར་བྱས་ཏེ་ཐུམ་འབུའི་ནད་པ་ཁྲི་གཅིག་སྟོང་གསུམ་ལྔ་བརྒྱ་ངོས་འཛིན་བྱས་པ་དང་། ནད་པ་སྟོང་བཞི་དང་བརྒྱད་བརྒྱ་དོན་གཅིག་ལ་རིན་མེད་པར་ནད་བརྟག་སྨན་བཅོས་བྱས། ཉིས་སྟོང་བཅོ་བརྒྱད་ལོར། ཞིང་ཆེན་ས་གནས་ནད་རིགས་འགོག་བཅོས་ཁང་གིས་ཐུམ་འབུའི་ནད་ཚོད་ལྟ་ཁང་གི་རིམ་སྤོར་སྒྱུར་བཀོད་བཟོ་སྐྲུན་ལག་བསྟར་བྱས་ཏེ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཚོད་ལྟ་ཁང་གི་བྱེད་ནུས་འཐུས་ཚང་དུ་བཏང་སྟེ་ཉིན་རྒྱུན་གྱི་ཞིབ་དཔྱད་དང་ཚན་རིག་གིས་ཞིབ་འཇུག་བྱེད་པར་རྨང་གཞི་བཟང་བོ་བཏིངས། ད་ལོའི་ཟླ་གསུམ་པ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་སྨན་ཁང་ཆེན་པོ་རུ་ཚན་ཁག་བགར་ཏེ་ནད་དཔེ་ཞིབ་བཤེར་བྱ་བ་སྤེལ་ཏེ་ནད་དཔེ་ཁྲི་གཅིག་ལྷག་འཚོལ་བསྡུ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་གཞི་གྲངས་ཕྱོགས་བསྡུས་དང་ཡང་བསྐྱར་ཞིབ་བཤེར་བྱེད་པའི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ། མང་ཚོགས་ཀྱི་ཐུམ་འབུའི་ནད་ཞིབ་བཤེར་ཆ་འཕྲིན་མཛོད་དང་ཐུམ་འབུའི་ནད་པའི་སྨན་བཅོས་གཞི་གྲངས་མཛོད་རིམ་སྤོར་སྒྱུར་བཀོད་བྱེད་ཆེད། ཞིང་ཆེན་ཡོངས་ཀྱི་མང་ཚོགས་ཀྱི་ཐུམ་འབུའི་ནད་ཞིབ་བཤེར་དང་ཐུམ་འབུའི་ནད་པའི་སྨན་བཅོས་ཆ་འཕྲིན་མ་ལག་འཛུགས་སྐྲུན་བྱས་ཏེ་གཞི་གྲངས་ཆ་འཕྲིན་དབྱེ་ཞིབ་བཀོལ་སྤྱོད་ལ་ཤུགས་བསྣན་པ་དང་། ཐུམ་འབུའི་ནད་མཆེད་ཚུལ་ལ་རྒྱུས་ལོན་བྱས་ཏེ་མཚོ་སྔོན་གྱི་ཐུམ་འབུའི་ནད་ཆ་འཕྲིན་དོ་དམ་མ་ལག་འཛུགས་སྐྲུན་ལས་གཞིར་སྐུལ་འདེད་བཏང་། ཐུམ་འབུའི་ནད་འགོག་བཅོས་ལས་གཞིའི་རྫོང་སོ་དགུའི་མི་འབུམ་གསུམ་ལྷག་ལ་ཞིབ་བཤེར་བྱས་ཏེ་ཐུམ་འབུའི་ནད་པ་བརྒྱ་དང་གོ་བཞི་གསར་རྙེད་བྱུང་བ་དང་། ཞིབ་བཤེར་བྱས་ཏེ་ཤེས་རྟོགས་བྱུང་བའི་ནད་པ་སྟོང་གསུམ་ལྷག་ལ་རིན་མེད་སྨན་བཅོས་བྱས།