མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་འགན་སྲུང་དངུལ་བསླུ་ལེན་བྱེད་པར་རྡུང་རྡེག་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ།
2018.11.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44


རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་དང་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། སྤྱི་བདེ་པུའུ། སྨན་རྫས་ལྟ་སྐུལ་ཅུའུ་བཅས་ཀྱི་སྨན་བཅོས་འགན་སྲུང་དངུལ་བསླུ་ལེན་བྱེད་པར་རྡུང་རྡེག་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་བའི་སྐོར་གྱི་བརྡ་སྦྱོར་དང་བརྙན་རིས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་ཆེད། མཚོ་སྔོན་ཞིང་ཆེན་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྤྱི་བདེ་ཐིན། ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་སྨན་བཅོས་འགན་སྲུང་བསླུ་ལེན་བྱེད་པར་རྡུང་རྡེག་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་བའི་སྐོར་གྱི་བརྡ་སྦྱོར་པར་སྐྲུན་འགྲེམ་སྤེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་སྨན་བཅོས་འགན་སྲུང་དངུལ་བསླུ་ལེན་བྱེད་པར་རྡུང་རྡེག་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ།

ཆེད་དོན་འགུལ་སྐྱོད་དེ2018ལོའི་ཟླ་དགུ་བ་ནས་ཟླ་བཅུ་གཉིས་པའི་བར་སྤེལ་རྒྱུ་ཡིན་ལ། གནས་གཏན་ཁེལ་བྱས་པའི་སྨན་བཅོས་ལས་ཁུངས་དང་གནས་གཏན་ཁེལ་བྱས་པའི་སྨན་འཚོང་ས། སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མི་སྣ་བཅས་ལ་དམིགས་ནས། གཙོ་བོར་གནས་གཏན་ཁེལ་བྱས་པའི་སྨན་བཅོས་ལས་ཁུངས་ཀྱི་ཁྲིམས་འགལ་ཞག་སྡོད་དང་ཁྲིམས་དང་འགལ་བའི་སྒོ་ནས་སྨན་རིན་ལེན་པ། འོས་འཚམ་མིན་པའི་སྨན་བཅོས་སོགས་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་སྣ་ཚོགས། གནས་གཏན་ཁེལ་བྱས་པའི་སྨན་འཚོང་སས་ཁྲིམས་དང་འགལ་བའི་སྒོ་ནས་སྨན་བརྗེ་བ་དང་བྱང་བུ་བཀོལ་བ། སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མི་སྣས་ཁྲིམས་འགལ་སྨན་བཅོས་བྱེད་པ་སོགས་ཀྱི་སྤྱོད་ཚུལ་ལ་ཞིབ་བཤེར་བྱེད་རྒྱུ་རེད།

མིག་སྔར། གྲོང་ཁྱེར་དང་ཁུལ་སོ་སོའི་ཆེད་དོན་འགུལ་སྐྱོད་ཀྱི་རེ་བ་ལྟར། སྨན་བཅོས་ལས་སྒོ་མ་ལག་ཁྲོད་ཀྱི་གནས་གཏན་ཁེལ་བྱས་པའི་སྨན་བཅོས་ལས་ཁུངས་དང་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་མི་སྣའི་གྲོན་དངུལ་དང་། འགན་སྲུང་དངུལ་བཀོལ་བ་དང་ལེགས་འདེམ་ཐད་ཀྱི་དོགས་གནད། ཞུ་གཏུག་གི་ཁུངས་སྣེ་སོགས་གཞིར་བཟུང་བ། སྐབས་བསྟུན་ཞིབ་བཤེར་བྱེད་པར་ཟུང་འབྲེལ་བྱས་ཏེ། གནས་གཏན་ཁེལ་བྱས་པའི་སྨན་བཅོས་ལས་ཁུངས་ཀྱི་སྤྱིའི་རིན་གྲངས་ཀྱི་བརྒྱ་ཆའི་ལྔ་དང་བརྒྱ་ཆའི་བཅུ་དང་སྒོར་ཁྲི་ལྔ་དང་ཡང་ན་དོགས་པ་ཡོད་པའི་པ་སེ་ཁྱབ་ཁོངས་སུ་བྱས་ཏེ། རང་བཤེར་བྱ་བ་སྤེལ་བཞིན་ཡོད།

གོ་རིམ་རྗེས་མར། ཞིང་ཆེན་ཆེད་དོན་འགུལ་སྐྱོད་འགོ་ཁྲིད་ཚན་ཆུང་གིས་གྲོང་ཁྱེར་དང་ཁུལ་སྐོར་ཞིག་གི་ཞིབ་བཤེར་བྱས་ནས་ཁྲིམས་འགལ་ལུགས་འགལ་གྱི་གནད་དོན་ཡོད་པའི་གནས་གཏན་ཁེལ་བྱས་པའི་སྨན་བཅོས་ལས་ཁུངས་ལ་འཐེན་བཤེར་དང་བསྐྱར་བཤེར་བྱེད་རྒྱུ་རེད།