མགོ་ལོག་ཁུལ་གྱིས་དམངས་ཚིས་འགན་སྲུང་ཤུགས་ཚད་སྔར་ལས་ཆེ་རུ་བཏང་།
2018.11.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཉིས་སྟོང་བཅོ་བརྒྱད་ལོར།  མགོ་ལོག་ཁུལ་གྱིས་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་དེ་དངུལ་གཏོང་ཁ་ཕྱོགས་གཙོ་བོ་བྱེད་པ་རྒྱུན་འཁྱོངས་བྱས་ནས་མ་དངུལ་བཀོད་གཏོང་འཆར་འགོད་ཤུགས་ཚད་རྒྱུན་མ་ཆད་པར་ཆེ་རུ་བཏང་བ་དང་དངུལ་གཏོང་སྒྲིག་གཞི་ལེགས་སྒྲིག་བྱས་ལ།   ནོར་སྲིད་མ་དངུལ་གྱིས་དམངས་ཚིས་ལ་འགན་སྲུང་བྱེད་པ་དང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་སོགས་ཐད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་དམངས་ཚིས་རིགས་ཀྱི་དངུལ་གཏོང་བརྟན་འཇགས་སྒོས་འཕར་སྣོན་འབྱུང་བར་འགན་སྲུང་བྱས།

ད་ལོའི་ཟླ་བཅུ་བའི་ཟླ་མཇུག་བར།   ཁུལ་ཡོངས་ཀྱི་དམངས་ཚིས་ཐད་མ་དངུལ་སྒོར་ཐེར་འབུམ་ལྔ་ལྷག་བཏང་སྟེ་སློབ་གསོ་དང་ཞིང་གསུམ།   སྨན་བཅོས་འཕྲོད་བསྟེན།   འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་སོགས་དམངས་ཚིས་ལས་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་དང་།  དེས་ཁུལ་ཡོངས་ཀྱི་སྤྱིའི་དངུལ་གཏོང་གི་བརྒྱ་ཆའི་དོན་དགུ་དང་གྲངས་ཆུང་བརྒྱད་ཟིན་ལ།  དུས་མཉམ་ལས་བརྒྱ་ཆའི་གཅིག་ལྷག་འཕར་སྣོན་བྱུང་ཡོད།    གཅིག་ནས་སློབ་གསོའི་ཐད་མ་དངུལ་སྒོར་དུང་ཕྱུར་བདུན་ལྷག་བཏང་སྟེ་སློབ་གསོ་འཕེལ་རྒྱས་ཀྱི་ནོར་སྲིད་དངུལ་གཏོང་གི་ཡུན་ཕན་ནང་རྐྱེན་ལ་ཡར་སྐུལ་བཏང་།   གཉིས་ནས་ཞིང་ས་དང་ནགས་ཁུལ་གྱི་ཆུ་དོན་ཐད་མ་དངུལ་སྒོར་ཐེར་འབུམ་གཉིས་ལྷག་བཏང་སྟེ་ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་རྩྭ་ཐང་གི་སྐྱེ་ཁམས་བྱ་དགའི་ཁ་གསབ་དངུལ།  ཞིང་སྡེ་དར་རྒྱས་འཐབ་ཇུས་སོགས་ཞིང་ལས་འཕེལ་རྒྱས་ཀྱི་རོགས་སྐྱོར་ཤུགས་ཚད་ཆེ་རུ་བཏང་།  གསུམ་ནས་སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་བྱ་བའི་ཐད་མ་དངུལ་སྒོར་དུང་ཕྱུར་གསུམ་བཏང་སྟེ་སྤྱི་བའི་སྨན་བཅོས་འཕྲོད་བསྟེན་གྱི་ཚད་གཞི་མཐོར་འདེགས་གཏོང་བ་དང་སྨན་བཅོས་རོགས་སྐྱོར།   ལས་བཟོ་བའི་བདེ་ཐང་ཞིབ་བཤེར་སོགས་ཀྱི་བྱ་བར་རྒྱབ་སྐྱོར་བྱས།  བཞི་ནས་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཐད་མ་དངུལ་སྒོར་དུང་ཕྱུར་དྲུག་ལྷག་བཏང་སྟེ་རྒན་གསོ་དང་སྨན་བཅོས།   ལས་ཤོར།   ལས་རྨས།   འཆར་ལྡན་བུ་སྐྱེ་བཅས་ཀྱི་སྤྱི་ཚོགས་འགན་སྲུང་མ་དངུལ་གྱི་གཞི་རྩའི་འགན་སྲུང་བྱ་བ་གཟབ་ནན་གྱིས་བཟང་བོར་བསྒྲུབས་པ་དང་།    རང་འགུལ་གྱིས་དམིགས་བསལ་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོར་ཤུགས་ཚད་ཆེ་རུ་བཏང་།   ལྔ་ནས་སྡོད་ཁང་འགན་སྲུང་ཐད་མ་དངུལ་སྒོར་དུང་ཕྱུར་གསུམ་ལྷག་བཏང་སྟེ་ཞིང་སྡེའི་དངུལ་ཕོངས་མང་ཚོགས་ཀྱི་ཉེན་ཁང་བཅོས་སྒྱུར་དང་།   ཞིང་སྡེའི་བྱ་དགའི་རང་བཞིན་གྱི་སྡོད་ཁང་དང་།  མཁར་གྲོང་གི་འགན་སྲུང་རང་བཞིན་གྱི་སྡོད་ཁང་།  རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བཅས་ལ་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྡོད་ཁང་ཆ་རྐྱེན་ནུས་ཡོད་སྒོས་ལེགས་བཅོས་བྱས།