ད་ལོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ཕྱུགས་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་ཐིག་ཏུ་བྱས་ཏེ། ཧུར་ཐག་གིས་ཞིང་ཕྱུགས་ལས་འཕེལ་གནས་གསར་བ་བསྐྲུན་པ་དང་། ཞིང་ཆེན་རིམ་པའི་སྐྱེ་ཁམས་ཞིང་ཕྱུགས་ལས་དཔེ་སྟོན་ཁུལ་ཡང་བསྐྱར་སྐས་རིམ་གསར་བ་ཞིག་ལ་སླེབས་པར་སྐུད་འདེད་བྱས།
རྨ་ལྷོ་ཁུལ་གྱིས་རྒྱུད་མཐུད་ངང་ཞིང་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་ཐད་ཐབས་ལམ་གསར་བ་བཏོད་པ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་མ་རྐང་སྒྱུར་བཀོད་དོན་ཐོག་ཏུ་འཁྱོལ་བ་དང་། ནང་གནས་སྒུལ་ཤུགས་ཆེ་བ། ཚོང་གཉེར་རྩ་འཛུགས་ལ་ཐབས་ལམ་ཡོད་པ། མང་ཚོགས་ཀྱི་ཡོང་སྒོ་བསྟུད་མར་འཕར་བ་བཅས་ཀྱི་སྦྲ་དཀར་རྣམ་པའི་དཔེ་སྟོན་མཉམ་ལས་ཁང་བསྐྲུན་པ་དང་། འབྲོག་དམངས་ཀྱི་གསར་དར་ཚོང་གཉེར་ཚོགས་པ་བརྒྱད་གསར་དུ་བཙུགས་པས་ཚོང་གཉེར་ཚོགས་པའི་གྲངས་ཀ་དྲུག་བརྒྱ་སོ་དྲུག་ལ་སླེབས། རང་བྱུང་རྩྭ་ས་ལེགས་སྒྱུར་དང་རྩྭ་འདེབས་པ། རྩྭ་ཐང་གི་ཨ་བྲ་དང་གནོད་འབུ་སྔོན་འགོག་བྱེད་པ་སོགས་ཀྱི་བྱ་བར་ཤུགས་བསྣན་པས། བྱ་བ་དེ་དག་རྩྭ་ཐང་དུ་ཁྱབ་ཚད་བརྒྱ་ཆའི་ང་བདུན་དང་གྲངས་ཆུང་དགུ་ལ་སླེབས་པ་དང་། བཅོས་སྐྱོང་གི་ཚད་བརྒྱ་ཆའི་བདུན་ལྷག་ལ་སླེབས། རྩྭ་སའི་བྱ་དགའ་དང་ཁ་གསབ་ཀྱི་སྲིད་ཇུས་ལག་བསྟར་ཟབ་མོ་བྱས་ཏེ། བྱ་དགའ་དང་ཁ་གསབ་ཀྱི་མ་དངུལ་དུང་ཕྱུར་གཉིས་དང་བྱེ་བ་དྲུག་བརྩོན་ལེན་བྱས་པ་དང་། རྩྭ་ས་སྲུང་མཁན་རྣམས་ལ་གླ་ཕོགས་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་བྱིན།
རྨ་ལྷོ་ཁུལ་གྱི་རྩེ་ཁོག་དང་ཧི་ནན་རྫོང་གཉིས་སྔ་གཞུག་ཏུ་རྒྱལ་ཡོངས་སྐྱེ་ལྡན་ཞིང་ལས་དཔེ་སྟོན་རྟེན་གཞི་དང་རྒྱལ་ཡོངས་སྐྱེ་ལྡན་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་རུ་ངོས་འཛིན་བྱས་པ་དང་། རྩྭ་ས་སྤྱི་ཆིང་ས་ཡ་གཅིག་དང་འབུམ་གཉིས་ཁྲི་བཞི་དང་ཕྱུགས་ཟོག་ས་ཡ་གཅིག་དང་འབུམ་དྲུག་ཁྲི་གཅིག་ལ་སྐྱེ་ལྡན་གྱི་ཁས་ལེན་ཐོབ། ད་ལྟ་སྐྱེ་ལྡན་གནས་ཁུལ་དང་ཞིང་འབྲེལ་ཁེ་ལས། མཉམ་ལས་ཁང་། འབྲོག་ཁྱིམ་བཅས་མཉམ་འབྲེལ་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཐོག་མར་ཆགས་ནས། ཞིང་ཕྱུགས་ཐོན་རྫས་ཤུགས་ཆེན་པོས་ཕྱིར་འཚོང་བྱེད་བཞིན་ཡོད་ལ། པེ་ཅིན་དང་ཐེན་ཅིན། ཧི་པེ་སོགས་སུ་ཐད་འཚོང་ཁང་བརྒྱ་དང་ཉི་ཤུ་ལྷག་ཕྱེས་ཡོད་པ་དང་ཚོང་ར་འཛིན་ཚད་མི་མཐུད་དུ་ཇེ་ཆེར་འགྲོ་བཞིན་ཡོད།