ཁྲི་ཀ་རྫོང་གིས་གྲོང་གསེབ་ངལ་རྩོལ་ནུགས་ཤུགས་སྡེབ་སྒྲིག་བྱས་ཏེ་རྩལ་ནུས་གསོ་སྦྱོང་ཐོན་ཁུངས་བེད་སྤྱོད་བྱས།
2018.11.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས《ཁྲི་ཀ་རྫོང་གྲོང་གསེབ་ངལ་རྩོལ་པའི་ཉེར་སྤྱོད་རྩལ་ནུས་གསོ་སྦྱོང་ཐོན་ཁུངས་སྡེབ་སྒྲིག་གི་ཇུས་གཞི》ཞེས་པ་བཏོན་ནས།  ཉིས་སྟོང་བཅུ་དགུ་ལོར་རྫོང་ཡོངས་ཀྱི་གསོ་སྦྱོང་དང་ལེན་བྱས་པའི་ཞིང་འབྲོག་ཁྱིམ་ཚང་རེ་ནས་མ་མཐའ་ཡང་ལས་ཞུགས་རྩལ་ནུས་མཁན་གཅིག་ཡོད་པར་བྱེད་རྒྱུ་དང་ཉིས་སྟོང་ཉི་ཤུ་ལོར་རྩལ་ནུས་གསོ་སྦྱོང་གིས་ཞིང་འབྲོག་ཡོངས་སུ་ཁེབས་པར་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བ་ལྟར་ན།  “མང་ཚོགས་ཀྱི་འདོད་བློར་བརྩི་འཇོག  བརྒྱུད་རིམ་ལ་དོ་དམ་ནན་མོ། གསོ་སྦྱོང་གི་ཕན་འབྲས་ལ་མཐོང་ཆེན། ཕྱོགས་ཡོངས་ནས་ལྟ་རྟོག་དང་ལེན་བྱེད་པ་”བཅས་ཀྱི་རྩ་དོན་ལྟར། ཁྲི་ཀ་རྫོང་གིས་ཞིང་ཕྱུགས་ནགས་ལས་དང་ཁོར་ཡུག་སྲུང་སྐྱོབ་ཅུའུ་དང་། དབུལ་སྐྱོར་གསར་སྤེལ་ཅུའུ། ཡུལ་སྐོར་ཅུའུ་སོགས་སྡེ་ཁག་གི་གསོ་སྦྱོང་ཐོན་ཁུངས་སྡེབ་སྒྲིག་དང་། གཅིག་གྱུར་སྒྲིག་འཛུགས། གནད་ཁེལ་ལག་བསྟར།  ཁྱོན་ཡོངས་དོན་འཁྱོལ་བཅས་རྩལ་ནུས་གསོ་སྦྱོང་འགན་འཁྲིའི་དམིགས་འབེན་ཕྱོགས་ཡོངས་ནས་དངོས་འབེབས་བྱས་པ་དང་།  ཚགས་བཙུགས་བྱང་སྒྲིག་གི་དབུལ་ཕོངས་མི་འབོར་གཙོ་གནད་དུ་བཟུང་ནས། གྲོང་གསེབ་ཁྲོད་ངལ་རྩོལ་ནུས་ཤུགས་ལྡན་པའི་ལས་ཤོར་མི་སྣ་དང་།    སློབ་ཆེན་མཐར་ཕྱིན་སློབ་མ། དམག་ཁོངས་ལས་བུད་པའི་དམག་མི་སོགས་ལ་ཁ་གཏད་ནས་རྩལ་ནུས་གསོ་སྦྱོང་སྤེལ། 

དེ་དང་མཉམ་དུ། དངོས་ཡོད་གནས་ཚུལ་དང་འབྲེལ་ཏེ་ཆེད་དོན་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ཏེ། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་སྣེ་ཁྲིད་བྱེད་པ་དང་། ཞང་གྲོང་དང་ཁོངས་གཏོགས་ལས་ཁུངས་ཀྱིས་གཞོགས་འདེགས་བྱས་ནས་རྫོང་ཡོངས་ཀྱི་གསོ་སྦྱོང་འཆར་གཞི་འགོད་པ། མ་དངུལ་རིམ་སྤྲོད། དུས་ཚོད་བཀོད་སྒྲིག་སོགས་བྱེ་བྲག་གི་དོན་དག་གཏན་ཁེལ་བྱེད་པ། གསར་འགྱུར་སྨྱན་བྱད་བེད་སྤྱོད་གང་ལེགས་སྒོས་འབྲེལ་ཡོད་སྲིད་ཇུས་དང་གསོ་སྦྱོང་གནས་ཚུལ་སྐོར་རྒྱ་ཁྱབ་ཏུ་དྲིལ་སྒྲོག་བྱས་ནས། རྩལ་ནུས་གསོ་སྦྱོང་སྤེལ་བའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་གསལ་པོར་ཤེས་སུ་འཇུག་པའི་འགན་ཁུར་དུ་བཅུག གཞན་ད་དུང་། ཁེ་ལས་ཀྱི་ལས་བཟོ་པ་དང་ངལ་རྩོལ་པའི་ནུགས་ཤུགས་གསོ་སྦྱོང་། ལས་ཞུགས་གནས་ཚུལ་དང་སྔོན་ཐོན་གྱི་དཔེ་མཚོན་དྲིལ་སྒྲོག་ལེགས་པོ་བྱས་ཏེ་དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པ་ལེགས་པར་བཏོན།