ཏུའུ་ལན་རྫོང་རྒུ་རུ་ཞང་གིས་སྐྱེ་ཁམས་སྲུང་སྐྱོབ་སྔོན་དུ་འགྲོ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཀ་ལེགས་པའི་འཚོ་བ་གསར་སྐྲུན་བྱེད་པ་བཅས་བྱ་བ་སོ་སོའི་མགོ་རྩོམ་ས་དང་རྐང་འཛུགས་སར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། དངོས་འབེབས་དོན་འཁྱོལ་བྱེད་པ་དམ་འཛིན་དང་འགུལ་སྐྱོད་ཁྲིད་ཕྱོགས་སུ་བྱས་ཏེ་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས།
རྒུ་རུ་ཞང་གིས་སྐྱེ་ཁམས་སྔོན་དུ་འགྲོ་བ་དེ་འཕེལ་རྒྱས་ཀྱི་བླང་བྱ་དང་པོར་བརྩིས་ཏེ་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་བ་དང་། སྐྱེ་ཁམས་དོ་སྲུང་བ་རྩ་འཛུགས་བྱས་ཏེ་རི་ཆུ་ནགས་གསུམ་དང་ཞིང་ས། རྩྭ་ཐང་བཅས་ལ་དོ་དམ་བྱེད་པ། ཆུ་བདག་ལམ་ལུགས་ལ་ཁྱོན་ཡོངས་ནས་ཡར་སྐུལ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ལས་བྱེད་པ་དང་མང་ཚོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཞུགས་པར་སྐུལ་སློང་བྱས་པ་དང་། ཏང་ཡོན་ལས་བྱེད་པའི་བསམ་བློའི་ངོས་ཟིན་མཐོར་འདེགས་བཏང་སྟེ་འགན་འཁྲིའི་ཁག་ཁུར་ནུས་པ་ཇེ་དྲག་ཏུ་བཏང་། ད་ལོར། ཞང་ཡོངས་སུ་བསྡོམས་པས་སྐྱེ་ཁམས་དོ་སྲུང་བ་དང་ནགས་སྲུང་བ་དོན་བརྒྱད་ཡོད་པ་དང་། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་བྱ་བ་ཐེངས་བཞི་བཅུ་ལྷག་ལ་སྤེལ་ཞིང་། རྩྭ་སའི་སྐྱེ་ཁམས་བྱ་དགའི་དངུལ་བྱེ་བ་གཅིག་ལྷག་བྱིན།
དམངས་ཚིས་ལེགས་བཅོས་དང་འགན་སྲུང་འགུལ་སྐྱོད་འཆར་གཞི་གཟབ་ནན་གྱིས་སྤེལ་ཏེ་དམངས་ཚིས་ཀྱི་མི་འདང་སར་ཁ་གསབ་དང་། དམངས་ཚིས་བཟོ་སྐྲུན་གྱི་གཙོ་གནད་དང་དཀའ་གནད་གཅིག་བསྡུས་བྱས་ལ། དབང་བོ་སྐྱོན་ཅན་དང་བདག་མེད་ལོ་ལོན་རྒན་པ་སོགས་ཀྱི་ཁེ་ཕན་གནད་དོན་ལ་མཐོང་ཆེན་བྱས་ཏེ་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྣང་སྔར་ལས་ཇེ་དྲག་ཏུ་བཏང་། ད་ལོའི་ཟླ་བཅུ་བའི་བར། ཞང་ཡོངས་སུ་བསྡོམས་པས་མི་རེ་གཅིག་ལ་མ་དངུལ་སྒོར་ཁྲི་བདུན་ལྷག་གི་སྨན་བཅོས་རོགས་སྐྱོབ་བྱས་པ་དང་། ཧ་ཅང་དབུལ་ཕོངས་ཡིན་པའི་ཁྱིམ་ཚང་ལ་མ་དངུལ་སྒོར་ཁྲི་བཞི་ལྷག་གིས་རོགས་སྐྱོར་བྱས་པར་མ་ཟད། མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་སྒོར་འབུམ་བཞི་ལྷག་བྱིན་ལ། དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི་གཉིས་ལྷག་དང་རོགས་འདེགས་སྒྲིག་ཆས་གྱ་བདུན་བྱིན།