མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་གནད་ཕིགས་དབུལ་སྐྱོར་ཐད་ཤུགས་ཡོད་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས།
2018.11.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཉེ་ལམ། ཞིང་ལས་ཞིང་སྡེ་པུའུ་ཕྱོགས་བསྡུས་དཔྱད་འཇོག་དང་ལས་ཕྱོད་དོ་དམ་ཚན་ཆུང་གི་གཏན་འབེབས་བྱས་པ་བརྒྱུད་ནས། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ཉིས་སྟོང་བཅུ་བདུན་ལོའི་ལོ་ཧྲིལ་བོའི་ཞིང་ལས་དངུལ་གཏོང་ལས་གཞི་རྒྱུན་བསྲིང་དང་ལས་ཕྱོད་དོ་དམ་ལག་བསྟར་དངོས་འབེབ་བྱས་པ་མངོན་གསལ་ཡིན་པའི་ལས་ཁུངས་སུ་བདམས་ཐོན་བྱུང་།

ཉིས་སྟོང་བཅུ་བདུན་ལོར། ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས་ནན་ནན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་མཛུབ་སྟོན་དུ་བཟུང་ཞིང་། སྒྱུར་བ་བཞི་ལ་སྐུལ་འདེད་གཏོང་བར་ཤུགས་བསྣན་པ་དང་། ཕྱོགས་ཡོངས་ནས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་དེ་བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་སྲུང་འཛིན་བྱས་ཏེ། ལོ་སྟོད་ལ་གཏན་འབེབ་བྱས་པའི་བྱ་བའི་དམིགས་ཚད་དག་ཡོངས་སུ་འགྲུབ་པས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་གནད་ཕིགས་དབུལ་སྐྱོར་ཐད་ཤུགས་ཡོད་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས། དེའི་ཁྲོད་ཞིང་ཕྱུགས་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་འཕེལ་རྒྱས་གསར་བ་བྱུང་། ཞིང་ཆེན་ཡོངས་ཀྱིས་ཞིང་ཕྱུགས་ལས་རིགས་འདོན་སྤྲོད་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་སུ་གཏོང་བའི་ཕྱོགས་སུ་གཙོ་ཤུགས་བཀོལ་ལ། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བ་དམིགས་འབེན་གཙོ་བོར་བཟུང་ནས། འབྲུ་སྣུམ་དང་སྔོ་ཚོད། སྒོ་ཕྱུགས་གསོ་སྤེལ་བཅས་སྒོར་ཐེར་ཆེན་གསུམ་གྱི་ཐོན་ལས་སོ་སོར་འཕེལ་རྒྱས་གསར་བ་བྱུང་། ཆེད་ལས་མཉམ་ལས་ཁང་དང་ཁྱིམ་ཚང་གི་ཞིང་ཕྱུགས་ར་བ་སོགས་གསར་དར་ཁེ་གཉེར་གཙོ་བོ་བཞི་བརྒྱ་དང་། ཐོན་རྫས་གསུམ་དང་ཚོང་རྟགས་གཅིག་གི་ཞིང་ལས་ཐོན་རྫས་བརྒྱ་དང་ཉེར་ལྔ་གསར་དུ་ཁས་ལེན་བྱས། ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་གསུམ་དང་ཚོང་རྟགས་གཅིག་གི་ཞིང་ལས་ཐོན་རྫས་བདུན་བརྒྱ་ཞེ་དགུ་ལ་བསླེབས། རྒྱལ་ཡོངས་ལྗང་མདོག་ཟས་རིགས་ཀྱི་མ་རྒྱུ་ཚད་ལྡན་ཅན་ཐོན་སྐྱེད་བྱེད་པའི་རྟེན་གཞི་བཅུ་ལ་བསླེབས།

ཐོན་ལས་གསུམ་པོ་མཉམ་འདྲེས་འཕེལ་རྒྱས་ལ་མཐོར་འདེགས་གསར་བ་བྱུང་། ཞིང་ཆེན་རིམ་པའི་དཔེ་སྟོན་ཁུལ་དུ་བདམས་པའི་རོང་འབྲོག་ཆེད་ལས་མཉམ་ལས་ཁང་བརྒྱ་དང་ལྔ་བཅུ་ཡོད་ལ། རོང་འབྲོག་ཆེད་ལས་མཉམ་ལས་ཁང་ཉིས་བརྒྱ་ལ་རོགས་སྐྱོར་བྱས། ཆེས་ཐོག་མར་ཞིང་ཆེན་རིམ་པའི་ཁྱིམ་ཚང་ཞིང་ཕྱུགས་ར་བ་ཉིས་བརྒྱ་དང་ལྔ་བཅུ་ང་གསུམ་དཔེ་སྟོན་ཁུལ་དུ་བདམས་ཐོན་བྱུང་བ་དང་། དེའི་ནང་ཁྱིམ་ཚང་གི་ཞིང་ཕྱུགས་ར་བ་ཉིས་བརྒྱ་ལ་རྒྱབ་སྐྱོར་འདོན་སྤྲོད་བྱས། ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ཐོན་ལས་བརྒྱ་དང་ཞེ་བདུན་ཁེ་ལས་གཙོ་གྲས་ཀྱི་ཚད་གཞི་རུ་བསླེབས་པ་དང་། ཞིང་ཕྱུགས་ཐོན་རྫས་ལས་སྣོན་གྱི་ཚད་བརྒྱ་ཆའི་ང་བཞི་གྲངས་ཆུང་གཉིས་ལ་བསླེབས།

གཞན་རྩྭ་སའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཞིང་ཕྱུགས་ལས་རིགས་ཀྱི་ལྟེ་བའི་ཁྱབ་ཁོངས་བཅོས་སྒྱུར། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། ཞིང་ཕྱུགས་ཐོན་སྐྱེད་ཐད་མ་དངུལ་གཏོང་ཚད་སོགས་ཀྱང་ཕན་འབྲས་མངོན་གསལ་ཡིན།