མཚོ་སྔོན་ཞིང་ཆེན་གྱིས་ནོར་ཤུགས་གཅིག་བསྡུས་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་བྱ་བར་འགན་སྲུང་བྱས།
2018.11.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ད་ལོར།  མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་དབུལ་ཐར་མཁྲེགས་གཏོར་བྱ་བ་དེ་ནོར་སྲིད་རོགས་སྐྱོར་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ་དངུལ་གཏོང་སྒྲིག་གཞི་ལེགས་སྒྲིག་དང་དངུལ་གཏོང་གཞི་ཁྱོན་རྒྱ་བསྐྱེད་པ།   མ་དངུལ་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་དམིགས་འབེན་ལས་འགན་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱེད་པར་ནོར་ཤུགས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས།

མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་ཆེད་དམིགས་དབུལ་སྐྱོར་ལས་གཞིའི་མ་དངུལ་ལོ་རེར་བརྒྱ་ཆའི་ཉི་ཤུའི་ཡན་ལ་ཇེ་མཐོར་འགྲོ་བའི་འགན་སྲུང་ནང་རྐྱེན་འཛུགས་སྐྲུན་བྱས་ཏེ་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་གཅིག་བསྡུས་བྱས་ཏེ་གནད་ཕིགས་ཤུགས་འདོན་བྱས་པ་དང་།   ནོར་སྲིད་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་གྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཇེ་མང་དུ་བཏང་།   ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་བཅོ་བརྒྱད་ལོའི་བར།   ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་དབུལ་སྐྱོར་ཐད་མ་དངུལ་སྒོར་ཐེར་ཆེན་ལྔ་དང་ཐེར་འབུམ་གཉིས་དུང་ཕྱུར་དགུ་ལྷག་བཀོད་སྒྲིག་བྱས་པ་དང་།  དེའི་ཁྲོད་ནོར་སྲིད་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཅིག་དུང་ཕྱུར་བཞི་ལྷག་ཡོད་པ་དང་།  ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་ཉེར་བདུན་དང་གྲངས་ཆུང་དགུ་དྲུག་འཕར་བཞིན་ཡོད།   མ་དངུལ་གཅིག་བསྡུས་བྱེད་པའི་ཐད་ཐོན་ལས་དབུལ་སྐྱོར་དང་མ་རྩའི་ཁེ་ཕན་དབུལ་སྐྱོར་ཟུང་འབྲེལ་བྱས་ཏེ་དབུལ་སྐྱོར་དངུལ་གཏོང་གི་ནང་རྐྱེན་གསར་པ་ཐོག་མར་གྲུབ་པར་བྱས།    འགན་སྲུང་བྱེད་ཐབས་ཐད་ནས་ཆེད་སྤྱོད་འཛུགས་སྐྲུན་མ་དངུལ་དང་དངུལ་རྩའི་བུ་ལོན།   སྤྱི་ཚོགས་རོགས་སྐྱོར།  ཤར་ནུབ་རྒྱུད་དབུལ་སྐྱོར་རོགས་ལས་སོགས་བྱེད་ཐབས་བརྒྱུད་དེ་ནོར་སྲིད་ཆེད་སྤྱོད་དང་ལས་རིགས་དབུལ་སྐྱོར།  དངུལ་རྩའི་ཡིད་རྟོན་དངུལ་བུན།    སྤྱི་ཚོགས་རོགས་སྐྱོར།  ཤར་ནུབ་རྒྱུད་དབུལ་སྐྱོར་རོགས་ལས།   མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་བཅས་ཀྱི་ཕྱོགས་དྲུག་གཞི་གཅིག་གི་དངུལ་གཏོང་འགན་སྲུང་ནང་རྐྱེན་བཙུགས།

ཉེ་བའི་ལོ་གསུམ་གྱི་རིང་ལ།  མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་བསྡོམས་པས་མ་དངུལ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གཅིག་དུང་ཕྱུར་གཉིས་ལྷག་བཏང་སྟེ་དབུལ་ཕོངས་ཁྱིམ་ཚང་ཁྲི་ལྔ་ལྷག་ལ་ཡུལ་གཞན་དབུལ་སྐྱོར་ལག་བསྟར་བྱས་པ་དང་།   ཞིང་སྡེའི་གཞུང་ལམ་དང་འཐུང་ཆུའི་བདེ་འཇགས་མཐོར་འདེགས་བཟོ་སྐྲུན།   སྡེ་བ་རིམ་པའི་ཕྱོགས་བསྡུས་རིག་གནས་ཞབས་ཞུའི་ལྟེ་གནས་སོགས་འཛུགས་སྐྲུན་ལག་བསྟར་བྱེད་པའི་ཐད་རོགས་སྐྱོར་བྱས་པ་དང་།   མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གསུམ་དུང་ཕྱུར་གསུམ་བཏང་སྟེ་ཟི་ལིང་དང་མཚོ་ཤར་གྱི་དབུལ་ཕོངས་ཁྱིམ་ཚང་དང་། མཚོ་སྔོན་བོད་ཁུལ་གྱི་ཁུལ་དྲུག་ཏུ་ལོ་བཅོ་ལྔའི་རིན་མེད་སློབ་གསོའི་སྲིད་ཇུས་ཁྱོན་ཡོངས་ནས་དངོས་འབེབས་དོན་འཁྱོལ་བྱས།