རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་“གློད་སྡོམ་ཞབས་གསུམ”གྱི་བཅོས་བསྒྱུར་བཀོད་སྒྲིག་གི་དགོངས་དོན་དོན་འཁྱོལ་ཟབ་མོ་བྱས་ཏེ། ཚོང་རྟགས་ཐོ་འགོད་སྟབས་བདེ་ཅན་དུ་བསྒྱུར་བར་སྐུལ་འདེད་ཤུགས་ཆེན་བཏང་ནས་རེ་ཞུ་མཁན་གྱི་ཚོང་རྟགས་ལས་གཉེར་བྱ་བར་སྟབས་བདེ་བསྐྲུན་ཆེད། ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོནན་ཞིང་ཆེན་སྲིད་གཞུང་སྲིད་དོན་ཞབས་ཞུ་དང་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཀྱིས་ཚོང་རྟགས་བདག་སྤྲོད་སྒེའུ་ཁུང་དངོས་སུ་སྤྱོད་མགོ་བརྩམས་པ་དང་། ཚོང་རྟགས་བློ་འདྲི་དང་ཐོ་འགོད་རེ་ཞུ་བདག་སྤྲོད་སོགས་ལས་གཉེར་རྣམ་གྲངས་ཉེར་བཞི་སྤེལ།
“སྒོ་གཅིག་ཏུ་འཛུལ་བའི”བཅོས་སྒྱུར་ལ་སྐུལ་འདེད་གཏོང་ཆེད་དང་ཚོང་རྟགས་བདག་སྤྲོད་བྱ་བ་རྒྱ་ཆེར་སྤེལ་ཆེད། ཞིང་ཆེན་བཟོ་ཚོང་ཅུའུ་ནི་ཚོང་རྟགས་བདག་སྤྲོད་ལས་གཞི་སྤྱི་པའི་ཞབས་ཞུའི་ཁོངས་གཏོགས་སུ་བསྒྱུར་བ་མ་ཟད། ཞིང་ཆེན་སྲིད་གཞུང་སྲིད་དོན་ཞབས་ཞུ་དང་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཀྱི་ནང་ཚན་དུ་གྱུར། དེ་དང་མཉམ་དུ། ལས་གཉེར་མི་སྣ་མངགས་ནས་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུའུ་དང་ཚོང་རྟགས་ཅུའུ་གཉིས་ཀྱིས་རྩ་འཛུགས་བྱས་པའི་ལས་གཉེར་གསོ་སྦྱོང་དུ་ཞུགས་ལ། ཚོང་རྟགས་བདག་སྤྲོད་བཀོད་སྤྱོད་ཀྱི་བརྒྱུད་རིམ་དང་ཚད་ལྡན་ཅན་དུ་འགྱུར་བར་སློབ་སྦྱོང་བྱས་པ་དང་། ཞབས་ཞུའི་ཆུ་ཚད་དངོས་སུ་མཐོར་འདེགས་བཏང་།
ཚོང་རྟགས་བདག་སྤྲོད་སྒེའུ་ཁུང་འཛུགས་སྐྲུན་ཤུགས་ཆེར་སྤེལ་ཆེད། ཞིང་ཆེན་བཟོ་ཚོང་ཅུའུ་ཡིས་ད་དུང་ཚོང་རྟགས་བདག་སྤྲོད་ལམ་ལུགས་དང་ལས་སྒྲུབ་མཛུབ་སྟོན་ཞབས་ཞུའི་རྣམ་གྲངས་བཙུགས་ཡོད་ལ། ཚོང་རྟགས་རེ་ཞུ་མཁན་ལ“གཅིག་གཏད་གཅིག”་གི་འདྲི་ཞིབ་དང་བློ་འདྲི་ཞབས་ཞུ་འདོན་སྤྲོད་བྱས་པས། ཚོང་རྟགས་རེ་ཞུ་མཁན་གྱིས་ཚོང་རྟགས་ལས་སྒོ་བདེ་ལེགས་ངང་སྒྲུབ་པར་སྟབས་བདེ་བླ་ལྷག་བསྐྲུན་ཡོད་པ་དང་། མཚོ་སྔོན་གྱི་ཚོང་རྟགས་གྲགས་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད།