སྤྱི་ཟླ་༡༡པའི་ཚེས་༢༤ཉིན་མཚོ་སྔོན་ཡོངས་འགྲུབ་གེ་སར་རྒྱ་བོད་རིག་གནས་སྤེལ་རེས་ལྟེ་གནས་ཀྱིས་ཇུས་འགོད་དང་གཙོ་སྒྲུབ་བྱས་པའི་གེ་སར་རིག་པའི་འཆད་ཁྲིད་དང་གེ་སར་རིག་གནས་རྒྱུད་འཛིན་པའི་རིག་འཛོད་ཤར་གཏོང་མཛད་སྒོ་མཚོ་སྔོན་ཟི་ལིང་དུ་འཚོགས་པ་དང་། མངོན་མིན་རིག་གནས་རྒྱུད་འཛིན་དང་མི་རིགས་སྒྱུ་རྩལ་དར་སྤེལ་གཏོང་བ་ཞེས་པས་བརྗོད་དོན་གཙོ་བོར་བྱས་པའི་བྱེད་སྒོ་འདི་ནི་༼གེ་སར་༽སྙན་རྩོམ་རིག་གནས་རྒྱུད་འཛིན་དང་གོང་འཕེལ་གཏོང་བར་སྔར་ལས་སྐུལ་འདེད་དང་གེ་སར་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་ཆེད་ཡིན་ཞིང་། མཛད་སྒོའི་ཐོག་ཆེད་ལས་མཁས་པས་འཆད་ཁྲིད་དང་གྲུབ་འབྲས་འགྲེམ་སྟོན་སོགས་ཀྱི་རྒྱུད་འཛིན་དང་རིག་གཞུང་གཉིས་གཞི་གཅིག་ཅན་གྱི་གེ་སར་རིག་གནས་ཀྱི་བྱེད་སྒོ་ཁག་ཅིག་ཀྱང་སྤེལ་ཡོད་པ་རེད།
ཚོགས་རའི་ཡུལ་དངོས།
མཚོ་སྔོན་ཡོངས་འགྲུབ་གེ་སར་རྒྱ་བོད་རིག་གནས་སྤེལ་རེས་ལྟེ་གནས་ཀྱི་རྒྱུན་ལས་ལས་འཛིན་པ་པད་མས་ཤིས་ཚིག་ཕུལ་བ།
ཚོགས་ཞུགས་ཆེད་མཁས་པ།
བྱེད་སྒོའི་ཐོག་མཚོ་སྔོན་ཞིང་ཆེན་གེ་སར་སློབ་ཚོགས་ཀྱི་ཚོགས་གཙོ་གཅོད་པ་དོན་གྲུབ་ལགས་དང་། མཚོ་སྔོན་གེ་སར་ཞིབ་འཇུག་ཁང་གི་འགོ་གཙོའམ་ཞིབ་འཇུག་པ་དབང་གྲགས། དེ་མིན་མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་སོགས་མཐོ་རིམ་སློབ་ཆེན་ཁག་གི་སློབ་མ་དང་གསར་འགོད་པ་བཅས་མི་༡༢༠ལྷག་འཛོམས་ཡོད་པ་རེད།
གེ་སར་ཞིབ་འཇུག་ཁང་གི་དབང་གྲགས་དང་གེ་སར་སྒྲུང་པ་སྙིང་བོ་ཚེ་རིང་གཉིས།
ཤེས་རྟོགས་བྱུང་བར་གཞིགས་ན།གེ་སར་རིག་གནས་རྒྱུད་འཛིན་པའི་རིག་མཛོད་ནི་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་དབང་ཆེན་ཚེ་རིང་ལགས་ནས་གཙོ་འགན་བཞེས་པའི་སྒོ་དབྱེ་ཅན་དང་སྤྱི་ཕན་ཅན་གྱི་གེ་སར་རིག་གནས་ཀྱི་ཆ་འཕྲིན་སྟེགས་བུ་ཞིག་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གསར་གཏོད་འཇོན་མི་རྩེ་གྲས་ཆིག་སྟོང་གི་འཆར་གཞིའི་མ་དངུལ་གྱི་ལས་གཞི་ཞིག་དང་། སྤྱི་ལོ་༢༠༡༧ལོའི་ཟླ་༢པའི་ནང་དངོས་སུ་ལས་འགོ་བརྩམས་ཤིང་། སྔ་རྗེས་སུ་བོད་ལྗོངས་དང་སི་ཁྲོན། ཀན་སུའུ། ཡུན་ནན། མཚོ་སྔོན་སོགས་གེ་སར་རིག་གནས་གཅིག་སྡུད་ཆེ་བའི་ས་ཁུལ་དུ་བསྐྱོད་ནས་གེ་སར་རིག་གནས་ཐད་ཀྱི་རྒྱུད་འཛིན་པའི་རྒྱུ་ཆ་འཚོལ་བསྡུ་དང་ལེགས་སྒྲིག་བྱས་ཏེ། མིག་སྔར་ཆ་ཚང་བ་དང་གཅིག་གྱུར་ཅན་གྱི་རིག་མཛོད་འདི་གྲུབ་པ་རེད། མཛད་སྒོའི་ཐོག མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་གི་འགོ་གཙོའམ་ཞིབ་འཇུག་པ་དབང་གྲགས་ལགས་ནས་ཤིས་ཚིག་ཕུལ་བ་དང་བསྟུན་ནས་རིག་མཛོད་དེ་དངོས་སུ་ཤར་གཏོང་ཐུབ་པའི་ཁྱབ་བསྒྲགས་གནང་ཡོད་པ་རེད།
དབང་གྲགས་ལགས་ནས་རིག་མཛོད་ཤར་གཏོང་ཐུབ་པའི་ཁྱབ་བསྒྲགས་གནང་།
རིག་མཛོད་གཙོ་འགན་བཞེས་མཁན་དབང་ཆེན་ཚེ་རིང་ལགས།
མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་དབང་ཆེན་ཚེ་རིང་ལགས་ནས་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པར། རིག་མཛོད་འདིའི་ནང་ཡིག་ཆ་དང་པར་རིས། སྒྲ་ཕབ། བརྙན་རིས་སོགས་བརྒྱུད་ནས་རྒྱུད་འཛིན་པའི་སྒྲུང་བཤད་དང་སྒྲུང་དཔེ། ཞིབ་འཇུག་གི་གྲུབ་འབྲས་བཅས་ནང་དོན་ཁག་འདུས་ཡོད་པ་མ་ཟད། ༼ཨ་སྟག་ལྷ་མོ་༽དང་༼བྱེ་རུ་བྱུར་རྫོང་༽། ༼མོན་གླིང་གཡུལ་འགྱེད༽སོགས་སྒྲུང་དཔེ་ཁག་གི་སྒྲ་ཕབ་སྐར་མ་༡༦༠༠ལྷག་དང་། གཞན་ཆེད་མཁས་པའི་གཏམ་བཤད་དང་སྒྲུང་བཤད། ཤུལ་རྟེན་ཆེད་དོན་དངོས་བཤུལ་བརྙན་རིས་སོགས་སྐར་མ་༦༨༠ལྷག དེ་མིན་༼མོན་གླིང་གཡུལ་འགྱེད༽་དང་༼༽ཤན་འདན་ནང་འཁྲུག༽༼སྟག་གཟིག་ནོར་རྫོང་༽སོགས་སྒྲུང་ཡིག་ས་ཡ་གཉིས་དང་བདུན་འབུམ་དྲུག་ཁྲི་ལྷག་འདུས་ཡོད་ཅེས་གསུངས་ཡོད་པ་རེད།
འབྲེལ་ཡོད་མི་སྣ་ཁག་ནས་རིག་མཛོད་ཤར་གཏོང་ཐུབ་པར་བདེན་དཔང་གནང་བ།
དབང་ཆེན་ཚེ་རིང་ལགས་ནས་རིག་མཛོད་འགྲེམ་སྟོན་གནང་བཞིན་པ།
རིག་མཛོད་འདིར་མིག་སྔར་ཞིབ་འཇུག་མི་སྣ་༡༥ཡོད་པ་དང་། གཙོ་བོ་གེ་སར་རིག་པ་དང་མི་རིགས་རིག་པ། སྒྱུ་རྩལ་རིག་པ། རྩོམ་སྒྲིག་རིག་པ། བརྙན་རིས་རིག་པ་སོགས་ཀྱི་ཆེད་ལས་འདུས་ཤིང་ལས་གཞིའི་ཚོགས་པ་ལྗོངས་ཞིང་ལྔའི་བོད་ཁུལ་དང་པེ་ཅིང་སོགས་ལ་ཁྱབ་ཡོད་པ་རེད།
མཛད་སྒོའི་ཐོག་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་འཇམ་དཔལ་རྒྱ་མཚོ་ལགས་ནས་ཤིས་ཚིག་སྐུར་གནང་བ་དང་། ཁོང་གི་ཤིས་ཚིག་ནང་༼གེ་སར༽རིག་གནས་ཀྱི་རྒྱུད་འཛིན་པའི་རིག་མཛོད་དངོས་སུ་ཤར་གཏོང་ཐུབ་པར་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས་ཤིང་། ༼གེ་སར༽་རིག་གནས་ཀྱི་རྒྱུད་འཛིན་པ་ནི་༼གེ་སར་༽རིག་གནས་ཀྱི་རྒྱུད་འཛིན་དང་སྲུང་སྐྱོབ་བྱེད་མཁན་ཡིན་པ་དང་། ༼གེ་སར་༽སྒྲུང་གྲངས་གཞི་ཅན་ཏུ་བཏང་བ་ནི་༼གེ་སར་༽རིག་གནས་དུས་རབས་དང་ཟུང་འབྲེལ་བྱས་པའི་དགོས་ངེས་རང་བཞིན་ཡིན་ལ། རིག་མཛོད་ལེགས་གྲུབ་བྱུང་བ་དེ་ཡིས་༼གེ་སར་༽རིག་གནས་ཆ་འཕྲིན་ལག་རྩལ་དུས་རབས་ནང་མྱུར་སྐྱོབ་དང་སྲུང་སྐྱོབ་ལས་དོན་ལ་སྔར་ལས་སྐུལ་འདེད་གཏོང་བའི་ཐད་ནུས་པ་བླ་ལྷག་ཐོན་ཐུབ་ཅེས་འཁོད་ཡོད་པ་རེད།
གཅོད་པ་དོན་གྲུབ་ལགས་ནས་འཆད་ཁྲིད་གནང་བཞིན་པ།
འཆད་ཁྲིད་ལ་གསན་བཞིན་པའི་སྐུ་མགྲོན།
གེ་སར་རྒྱལ་པོའི་སྒྲུང་དཔེ་ལ་མིག་སྔར་པར་དུ་བཏབ་པ་༡༨༠ལྷག་ཡོད་ལ། མིག་སྔའི་འཛམ་གླིང་གི་སྙན་རྩོམ་ཆེན་མོ་ལྔ་ལས་རིང་བ་དང་། སྤྱི་ལོ་༢༠༠༦ལོར་ཀྲུང་གོའི་གཞུང་ཕྱོགས་ནས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཀྱི་མིང་ཐོའི་ནང་ཐོག་མར་བཅུག་ཅིང་། སྤྱི་ལོ་༢༠༠༩ལོར་གེ་སར་སྙན་རྩོམ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་སྒྲིག་འཛུགས་ཀྱི་༼མིའི་རིགས་ཀྱི་མངོན་མིན་རིག་གནས་ཀྱི་འཐུས་ཚབ་མིང་ཐོའི་༽ནང་བཞག་ཡོད་པ་རེད།
གེ་སར་རིག་གནས་རྒྱུད་འཛིན་པའི་རིག་མཛོད་ཀྱི་དྲ་གནས། http://www.epicgesar.com/tb/
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།