ཉེ་སྔོན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་ཡོན་ཧྲང་ཚའོ་རང་བྱུང་སྲུང་སྐྱོབ་ལྟེ་གནས་ལ་མཉམ་འབྲེལ་བྱས་ཏེ་རྨ་ཆུའི་འགོ་ཁུངས་སུ་གསའ་ལ་རྟོག་ཞིབ་བྱེད་པའི་བྱ་འགུལ་སྤེལ་འགོ་བརྩམས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་འབྲེལ་ཡོད་རྟོག་ཞིབ་ཀྱི་སྟོང་ཆ་བསྐངས་པ་དང་། རིག་གཞུང་ལས་རིགས་ཀྱིས་ས་དེའི་གསའ་ཡི་གནས་ཚུལ་ལ་སྔར་ལས་རྒྱུས་ལོན་བྱེད་པར་སྐུལ་འདེད་བཏང་།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་འཛམ་གླིང་དུ་གསའ་ཆེས་མང་བའི་ས་ཁུལ་གྱི་གྲས་ཡིན། ཉེ་བའི་ལོ་འགའི་རིང་ལ་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཏུ། པེ་ཅིན་སློབ་གྲྭ་ཆེན་མོའི་རང་བྱུང་སྲུང་སྐྱོབ་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་དང་། པེ་ཅིན་རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས། པེ་ཅིན་ཆའོ་ནུས་སྤྱི་ཕན་ཐེབས་རྩ་ཚོགས་པ་སོགས་རྩ་འཛུགས་དང་ལས་ཁུངས་ཀྱིས་སྲིད་གཞུང་སྐྱེ་ཁམས་སྡེ་ཁག་དང་མཉམ་ལས་དམ་པོ་བྱས་ཏེ། འབྲི་ཆུའི་འགོ་ཁུངས་དང་རྫ་ཆུའི་འགོ་ཁུངས་ནས་གསའ་མང་པོའི་གནས་ཚུལ་ཐོ་འགོད་བྱས།
པེ་ཅིན་སློབ་ཆེན་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་སོགས་ལས་ཁུངས་ཀྱིས་ཉེ་སྔོན་མཉམ་དུ་སྤེལ་བའི་ཀྲུང་གོའི་གསའ་ཡི་རྟོག་ཞིབ་དང་སྲུང་སྐྱོབ་གནས་ཚུལ་ཞེས་པའི་ཞིབ་འཇུག་སྙན་ཞུ་ལྟར་ན། འབྲི་ཆུ་དང་རྫ་ཆུའི་འགོ་ཁུངས་ཀྱི་རྟོག་ཞིབ་བྱས་ཟིན་པའི་ཁུལ་ཁོངས་ཁ་ཤས་སུ་ས་སྤྱི་ལེ་གྲུ་བཞི་མ་བརྒྱ་རེ་ན་གསའ་གསུམ་རེ་ཡོད་ལ། རྨ་ཆུའི་འགོ་ཁུངས་དང་བར་ཐག་སྤྱི་ལེ་ཉིས་བརྒྱ་ཙམ་གྱི་ཨ་མྱེས་རྨ་ཆེན་གངས་རིའི་མཐའ་སྐོར་ནས། ཚན་རིག་ཞིབ་འཇུག་མི་སྣས་དུས་ཡུན་ཐུང་ངུ་ལོ་གཉིས་ཀྱི་རིང་ལ་གསའ་དང་འབྲེལ་བའི་པར་ལྔ་བརྒྱ་ལྷག་བླངས་ཡོད་ཟེར།
འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པའི་གསའ་སྲུང་སྐྱོབ་ཀྱི་ཆེད་མཁས་པ་ཧི་པེན་གྱིས་མཚམས་སྦྱོར་བྱེད་རྒྱུར། དུས་རིམ་སྔོན་མའི་ཞིབ་འཇུག་ལ་བལྟས་ན། མིག་སྔར་གསའ་ཡོད་མེད་ལ་རྟོག་ཞིབ་བྱས་མེད་པའི་རྨ་ཆུའི་འགོ་ཁུངས་ནི་ཁུ་ནུ་རི་བོ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ས་ཆ་སོ་སའི་གསའ་བརྒྱུད་སའི་བར་ཁྱམས་ཤིག་ཡིན་སྲིད་ལ། རིགས་ཁྱུ་དེ་རྒྱ་བསྐྱེད་པར་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་ཐོན་ཡོས་སྲིད་ཟེར།
ཧི་པེན་གྱིས་བཤད་རྒྱུར། རྗེས་ཕྱོགས་རྨ་ཆུའི་འགོ་ཁུངས་ནས་ཡུན་རིང་པོར་བསྟུད་མར་གསའ་ལ་རྟོག་ཞིབ་བྱས་པ་བརྒྱུད་དེ། ཞིབ་འཇུག་མི་སྣས་རིམ་བཞིན་ས་དེའི་གསའ་ཡི་གྲངས་ཀ་དང་ཁྱབ་ཚུལ། འཚོ་གནས་ཀྱི་གནས་ཚུལ་སོགས་གཏན་ཁེལ་བྱ་རྒྱུ་ཡིན་ཟེར།