མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གིས་ཞང་དང་སྡེ་བ་ལེགས་སྒྲིག་གི་དབུལ་སྐྱོར་གསར་སྤེལ་དང་སྤུས་ལེགས་ཐོན་ལས་ཀྱིས་མང་ཚོགས་ཕྱུག་སྒྱུར་བྱེད་རྒྱུ་ཁྲིད་ཕྱོགས་སུ་བྱས་པ་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་དེ་སྡེ་བ་རིམ་པའི་ཆེད་ལས་མཉམ་ལས་རྩ་འཛུགས་དང་ཁྱད་ལྡན་ཐོན་ལས་སྟེང་མཆེད་པར་བྱས་ཏེ་ཞིང་སྡེ་དར་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པར་ཡར་སྐུལ་བྱས།
ཏང་ཀྲི་པུའུ་ཡིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྟེང་ཤུགས་བསྣན་ནས་སྡེ་བའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་དབུལ་ཕོངས་ཁྱིམ་ཚང་རང་བདག་དབུལ་ཐར་བྱེད་པའི་ནུས་པ་གསོ་སྐྱོང་བྱས་པ་དང་། ཐོན་ལས་རྩལ་ནུས་གསོ་སྦྱོང་དང་དབུལ་ཐར་མ་དངུལ་བརྩོན་ལེན་བྱེད་པ་སོགས་བྱེད་ཐབས་བརྒྱུད་དེ་སྡེ་བ་རིམ་པའི་ཕྱུག་སྒྱུར་འཇོན་མི་སྐོར་ཞིག་སྐྱེད་སྲིང་བྱས་ལ། ཏང་ཀྲི་པུའུ་ཡིས་ཕྱུག་སྒྱུར་འཇོན་མིར་སྣེ་ཁྲིད་བྱེད་པ་དང་། ཕྱུག་སྒྱུར་འཇོན་མིས་མང་ཚོགས་སྐུལ་ཁྲིད་བྱས་ཏེ་མཉམ་དུ་ཕྱུག་འགྱུར་བྱེད་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་གྲུབ་པར་བྱས།
ཏང་ཀྲི་པུའུ་ཡིས་འཕེལ་རྒྱས་ཐོན་ཁུངས་སྔོག་འདོན་དང་དཔལ་འབྱོར་ཕན་ནུས་རྒྱ་བསྐྱེད་པའི་སྟེང་ཤུགས་བསྣན་ཏེ་ཐུན་མོང་དཔལ་འབྱོར་གྱི་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་བྱས་པ་དང་། མཉམ་ལས་ཁང་གསར་འཛུགས་དང་ཆེད་ལས་མཐུན་ཚོགས་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་དབུལ་ཕོངས་ཁྱིམ་ཚང་གིས་མཉམ་ལས་ཁང་དུ་མ་རྐང་འཇོག་པར་སྐུལ་ཁྲིད་བྱས་ལ། གཅིག་གིས་གཅིག་ཁྲིད་པ་དང་གཅིག་གིས་མང་པོ་ཁྲིད་པའི་འབྲེལ་མཐུད་རོགས་སྐྱོར་བྱ་བ་སྤེལ་ཏེ་དབུལ་ཕོངས་ཁྱིམ་ཚང་ལ་སྣེ་ཁྲིད་བྱས་ཏེ་བོད་ལུགས་བཟོ་རྩལ་ཐོན་རྫས་དང་མཉམ་ལས་ཁང་གི་ཐུན་མོང་ཕྱུགས་ཟོག བོད་ཟས་ལས་སྣོན་སོགས་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ་དབུལ་ཕོངས་མང་ཚོགས་ཕྱུག་འགྱུར་བྱེད་པར་སྣེ་ཁྲིད་བྱས།