རྒྱལ་ཡོངས་བོད་ལུགས་གསོ་རིག་ཆེད་ལས་སློབ་མའི་སྨན་སྣ་ངོས་འཛིན་གྱི་རྩལ་ནུས་འགྲན་སྡུར་དེ་མཚོ་སྔོན་ཟི་ལིང་དུ་སྤེལ།
2018.11.26 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 80

ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ནས་ཉེར་ལྔ་བར། ཀྲུང་གོ་མི་རིགས་གསོ་རིག་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གོ་མི་རིགས་གསོ་རིག་མཐུན་ཚོགས་ཀྱི་སློབ་གསོའི་ཚན་ཁག་དང་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་སྐབས་གཉིས་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་ཆེད་ལས་སློབ་མའི་སྨན་སྣ་ངོས་འཛིན་གྱི་རྩལ་ནུས་འགྲན་སྡུར་དེ་མཚོ་སྔོན་ཟི་ལིང་དུ་སྤེལ་ལ། བྱ་འགུལ་ལ་བོད་ལྗོངས་སློབ་ཆེན་དང་མཚོ་སྔོན་སློབ་ཆེན། ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན། ཀན་སུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན་བཅས་མཐོ་རིམ་སློབ་ཆེན་ལྔ་དང་། མཚོ་སྔོན་དང་བོད་ལྗོངས། སི་ཁྲོན་བཅས་ནས་ཐོན་པའི་འབྲིང་རིམ་ལག་རྩལ་སློབ་གྲྭ་བརྒྱད་ལྷག་གི་སློབ་མ་ང་གཉིས་འགྲན་སྡུར་ལ་ཞུགས།

ཚེས་ཉེར་བཞི་ཉིན་གྱི་སྔ་དྲོ། མཚོ་སྔོན་སློབ་ཆེན་དཔེ་མཛོད་ཁང་གི་རིག་གཞུང་སྙན་ཞུའི་ཚོམས་ཆེན་ནང་མཛད་སྒོ་དངོས་སུ་འགོ་བརྩམས་ཤིང་། ཚོགས་ཐོག་ཏུ་ཕྱོགས་སོ་སོ་ནས་ཕེབས་པའི་གསོ་རིག་ཆེད་མཁས་པ་རྣམས་ཀྱིས་གཏམ་བཤད་བྱས་ཤིང་། ཚང་མས་མགྲིན་གཅིག་ཏུ་བོད་ལུགས་གསོ་རིག་དེ་མུ་རུ་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་དགོས་པའི་གལ་ཆེན་རང་བཞིན་དང། ལྷག་དོན་ཏང་གི་སྲིད་ཇུས་ཀྱི་དགོངས་དོན་དང་གསོ་རིག་སློབ་གསོའི་དགོས་མཁོའི་ཆོས་ཉིད་གཉིས་གཞི་གཅིག་ཏུ་འདྲེས་པར་བྱས་ཏེ། བོད་ལུགས་གསོ་རིག་གི་འཕྲིན་ལས་དེས་དུས་གསར་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཕྱོགས་ནས་འཕྲོད་བསྟེན་དང་བདེ་ཐང་གི་ཐད་ནུས་པ་བླ་ལྷག་འདོན་ཐུབ་དགོས་པར་འདོད།

མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་དཔལ་ཆེན་གསང་བདག་གིས་གཏམ་བཤད་གནང་བ། 

བོད་ལྗོངས་གསོ་རིག་སློབ་གླིང་གི་དགེ་རྒན་སྐལ་བཟང་དོན་གྲུབ་ཀྱིས་གཏམ་བཤད་གནང་བ། 


        པེ་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཏུང་ཧེ་དབྱིན་གྱིས་གཏམ་བཤད་གནང་པ། 


མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་གཙོ་རྡོ་རྗེ་ཚེ་བརྟན་གྱིས་གཏམ་བཤད་གནང་བཞིན་པ། 


མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་གཞོན་པ་ཀུན་བཟང་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ། 

      མཛད་སྒོ་དངོས་སུ་འགོ་བརྩམས་རྗེས། བོད་ལུགས་གསོ་རིག་སློབ་གླིང་གི་རིག་གཞུང་སྙན་ཞུའི་ཚོམས་ཆེན་ནས་བོད་སྨན་གྱི་ཁྱད་ལྡན་ཚོད་ལྟའི་ལག་ལེན་དམར་ཁྲིད་བྱེད་པའི་སློབ་སྒྲུབ་ཁ་ཕྱོགས་ཐད་ཀྱི་དཔྱད་གླེང་བྱས་ལ། ཉིན་དེའི་ཕྱི་དྲོར། དེའི་ཐད་སྔར་ལས་གཏིང་ཟབ་སྒོས་ཉམས་མྱོ
ང་བརྗེ་རེས་བྱས་པ་མ་ཟད། ཆེད་མཁས་པ་སོ་སོས་རང་གི་ངོས་ནས་བསམ་ཚུལ་དང་རིག་ལམ་གསར་པ་མང་པོ་འདོན་སྤྲོད་བྱས།

ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོ། འགྲན་སྡུར་ལ་ཞུགས་པའི་སློབ་མ་རྣམས་དངོས་སུ་བོད་སྨན་རྩལ་ནུས་འགྲན་སྡུར་ལ་ཞུགས། འགྲན་སྡུར་ལ་གཙོ་བོ་ཡིན་མིན་བརྡར་གཅོད་དང་དྲི་བར་ལན་འདེབས་པ། འཕྲོག་ལན་འདེབས་པ་སོགས་རིགས་བཞི་ཡོད་ལ། རྒྱུགས་གཞིའི་ནང་དོན་ནི་གསོ་རིག་རྒྱུད་བཞི་ལས་སྦྱོར་བ་སྨན་གྱི་སྐོར་ལས་ཁག་ཅིག་དང་། ཤེལ་གོང་ཤེལ་ཕྲེང་ནང་གི་སྨན་གྱི་ཕན་ནུས་དང་། སྨན་རྫས་ཀྱི་མིང་དང་དབྱིབས། ངོ་བོ་དང་ཁྱད་པར། སྨན་གྱི་བཀོལ་སྟངས་སོགས་འདུ་བས། ཤེས་བྱ་རྒྱ་ཆེ་ལ། རྒྱུགས་གཞིའི་ནང་དོན་ཕུན་སུམ་ཚོགས་པ་རེད། ཐེངས་འདིའི་འགྲན་སྡུར་གྱི་ཁྲོད་དུ་འགྲན་ཞུགས་སློབ་མ་རྣམས་ནི་བློ་རིག་མྱུར་ཞིང་། སྤྲོ་སེམས་ཀྱིས་ཁེངས་ནས་ཡོད་ལ། ཕྱོགས་སོ་སོའི་གསོ་རིག་ཆེད་ལས་ཀྱི་སློབ་མ་རྣམས་ཀྱིས་རང་རང་གི་འཇོན་ནུས་མ་ལུས་ཅི་དགར་ངོམས་པས། ཚོགས་ར་ཡོངས་སུ་དུས་རབས་གསར་བའི་བློ་ལྡན་གཞོན་ནུ་རྣམས་ཀྱི་རྣམ་དཔྱོད་རྩལ་དང་དཀའ་ཐུབ་ཀྱི་སྙིང་སྟོབས་ལས་བྱུང་བའི་ཤེས་བརྩོན་ཐོས་པའི་འབྲས་བུ་གཡུར་དུ་ཟ་བའི་མཁའ་དབུགས་ཀྱིས་ཁྱབ་སོང་།

ཐེངས་འདིའི་འགྲན་སྡུར་གྱིས་མི་རིགས་གསོ་རིག་གི་འཇོན་ཐང་མི་སྣ་སྐྱེད་བསྲིང་བྱེད་པར་སྐུལ་འདེད་ཀྱི་ནུས་པ་བླ་ལྷག་ཐོན་པར་མ་ཟད། རྒྱལ་ཡོངས་ཀྱི་མི་རིགས་གསོ་རིག་མཐོ་རིམ་སློབ་གྲྭ་སོ་སོའི་བར་མཛའ་བརྩེ་ཡིས་བརྗེ་རེས་བྱེད་པའི་འབྲེལ་བ་ཇེ་ལེགས་སུ་བཏང་ཡོད་ལ། མཚོ་སྔོན་བོད་ལུགས་གསོ་རིག་གི་ཁྱད་ཆོས་ལྡན་པའི་བྱ་གཞག་དྲིལ་སྒྲོག་ལ་བྱས་རྗེས་གལ་ཆེན་བཞག་ཡོད།

རྒྱལ་ཡོངས་གསོ་རིག་ཆེད་ལས་སློབ་མ་རྣམས་ཀྱིས་སྨན་སྣ་ངོས་འཛིན་རྩལ་ནུས་འགྲན་སྡུར་བྱེད་པའི་་ཡུལ་དངོས། 


             ཕྱོགས་སོ་སོའི་ཆེད་མཁས་པ་དང་བྱ་དགའ་འཐོབ་པའི་སློབ་གྲོགས་རྣམས་ཀྱི་མཉམ་པར།