རྨ་ལྷོ་ཁུལ་གྱིས་གསང་སྤྱོད་གསར་བརྗེའི་བྱ་བར་སྐུལ་འདེད་བཏང་།
2018.11.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

གསང་སྤྱོད་གསར་བརྗེའི་འཕེལ་རིམ་ཁྱོན་ཡོངས་ནས་ཇེ་མགྱོགས་སུ་གཏོང་བའི་ཁྲོད།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མ་དངུལ་གྱིས་རོགས་སྐྱོར་དང་སྲིད་གཞུང་གིས་སྣེ་ཁྲིད་བྱེད་པ།   ཁེ་ལས་གྱིས་མ་དངུལ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ།  ཞིང་སྡེའི་གསང་སྤྱོད་གསར་བརྗེ་བྱ་བར་སྐུལ་འདེད་བཏང་།  མིག་སྔར།   རིགས་སོ་སོའི་གསང་སྤྱོད་ཁང་སྟོང་བརྒྱད་ལྷག་འཛུགས་སྐྲུན་བྱེད་བཞིན་ཡོད།

གསང་སྤྱོད་གསར་བརྗེར་སྐུལ་འདེད་གཏོང་བའི་བྱ་བའི་ཁྲོད།   རྨ་ལྷོ་ཁུལ་གྱིས་འགོ་ཁྲིད་ཚན་ཆུང་བཙུགས་ནས་ཁུལ་དཔལ་འབྱོར་ཆ་འཕྲིན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཁུལ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་བྱ་བའི་ཨུ་ཡོན་ལྷན་ཁང་།   ཁུལ་ཁོངས་གཏོགས་ཀྱི་རྫོང་བཞིའི་སྡེ་ཁག་ཉེར་གཉིས་ཁོངས་ཞུགས་སྡེ་ཁག་ཏུ་བྱས་པར་མ་ཟད།   ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཞི་བཙུགས་ཏེ་རྫོང་བཞིའི་གསང་སྤྱོད་འཛུགས་སྐྲུན་ལག་བསྟར་བྱེད་པའི་ཐད་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་།   རིམ་པ་རེ་རེ་བཞིན་སྤྱི་བའི་གསང་སྤྱོད་གསར་བརྗེའི་དམིགས་འབེན་འགན་འཁྲིའི་ཡི་གེ་བཀོད་དེ་ཁུལ་ཡོངས་ཀྱི་ལོ་མཇུག་གི་བྱ་བ་གཙོ་བོའི་དམིགས་འབེན་ལས་འགན་དཔྱད་ཞིབ་ཁྱབ་ཁོངས་ཁྲོད་བཞག

དངོས་ཡོད་དགོས་མཁོར་ཁྱོན་ཡོངས་ནས་རྒྱུས་ལོན་བྱས་ཏེ་གསང་སྤྱོད་གསར་འཛུགས་དང་སྒྱུར་བཀོད་ཚད་གཞི་གཏན་ཁེལ་གསལ་བོ་བྱེད་པའི་རྨང་གཞིའི་སྟེང་།   རྨ་ལྷོ་ཁུལ་གྱིས་ཞིང་ཆེན་རིམ་པའི་རོགས་སྐྱོར་མ་དངུལ་བརྩོན་ལེན་བྱེད་པ་དང་།  ཁེ་ལས་གྱིས་མ་དངུལ་གཏོང་བ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ་མ་དངུལ་གྲབས་གསོག་ཤུགས་ཚད་ཆེ་རུ་བཏང་།

ཁྱོན་ཡོངས་ནས་བསྐྱར་འཛུགས་ལག་བསྟར་བྱེད་པའི་ཁྲོད།   རྨ་ལྷོ་ཁུལ་གྱིས་ཞིང་ཁྱིམ་གཙོར་བྱེད་པ་དང་སྲིད་གཞུང་གིས་རོགས་སྐྱོར་བྱེད་པ།   ཡུལ་བབ་དང་བསྟུན་པ།   སྡེ་བ་གཅིག་ལ་བྱེད་ཐབས་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཞིང་ཁྱིམ་གྱི་གནོད་པ་མེད་པའི་གསང་སྤྱོད་ཁྱོན་ཡོངས་ལ་ཁེབས་པར་ཡར་སྐུལ་བྱས་པ་དང་།   ཞིང་སྡེ་གཞིས་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་སློབ་གྲྭ    མི་མང་ཚོགས་ས་སོགས་ཀྱི་གསང་སྤྱོད་འཛུགས་སྐྲུན་གཙོར་བཟུང་ནས་ཡར་སྐུལ་བྱས།   དེ་མིན།   སྤྱི་བའི་གསང་སྤྱོད་ཀྱི་བདག་གཉེར་དོ་དམ་ཡུན་ཕན་ནང་རྐྱེན་འཛུགས་སྐྲུན་དང་འཐུས་ཚང་དུ་བཏང་སྟེ་སྤྱི་བའི་གསང་སྤྱོད་དོ་དམ་བྱེད་ཐབས་གཏན་ཁེལ་བྱས་པ་དང་།   སྐར་བཅུ་རིམ་པའི་དཔལ་ཡོན་ཞིང་ཁྱིམ་དཔྱད་འདེམས་བྱེད་པ་དང་ཟུང་འབྲེལ་བྱས་ཏེ་ཞིང་སྡེའི་ཁྱིམ་ཚང་གི་གསང་སྤྱོད་དོ་དམ་ལ་ཤུགས་བསྣན་ནས་ཞིང་སྡེའི་གསང་སྤྱོད་ཁང་གི་འཕྲོད་བསྟེན་ལ་འགན་སྲུང་བྱས།