ཉེ་ལམ། མཚོ་སྔོན་ཞིང་ཆེན་རྒྱ་གྲུམ་དམར་པོ་ཚོགས་པས་གཅེས་སེམས་འབུལ་བའི་ཁེ་ལས་ལས་དོན་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གཙང་སེལ་གྱི་སྐྱེ་ཁམས་ཆེད་དམིགས་སྤྱི་ཕན་ཐེབས་རྩ་ཚུགས་པའི་མཛད་སྒོ་སྤེལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གཙང་སེལ་གྱི་སྐྱེ་ཁམས་ཆེད་དམིགས་སྤྱི་ཕན་ཐེབས་རྩ་ནི་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་ཕྱོགས་སོ་སོའི་སྲིད་གཞུང་དང་། གཅེས་སེམས་འབུལ་བའི་ཁེ་ལས་ལས་དོན་ལས་ཁུངས་དང་། ཁོར་ཡུག་སྲུང་སྐྱོབ་མི་སྣ་བཅའ་ཀྱིས་མ་དངུལ་མཉམ་འཇོག་དང་མཉམ་འབྲེལ་གྱིས་བཙུགས་པ་དང་། ཁོར་ཡུག་སྲུང་སྐྱོབ་སྤྱི་ཕན་རྣམ་གྲངས་ཁྱབ་སྒྲོག་བྱེད་རྒྱུ་དང་བྱ་འགུལ་སྤེལ་རྒྱུ་གཙོ་བོར་བཟུང་ནས། ཕྱོགས་སོ་སོའི་སྐྱེ་ལྡན་དངོས་རིགས་ཆུང་གྲས་ཉོ་བསྡུ་དང་གད་སྙིགས་མེར་སྲེག་ཐབ་ཀྱིས་ཐག་གཅོད་བྱེད་པའི་སྒྲིག་བཀོད་ཀྱི་མ་དངུལ་ལ་ཁག་ཐེག་རྒྱབ་སྐྱོར་བྱེད་རྒྱུ་རེད།
ཁོར་ཡུག་སྲུང་སྐྱོབ་སྤྱི་ཕན་རྣམ་གྲངས་ལས་གད་སྙིགས་ཐག་གཅོད་བྱེད་ཐབས་ལེགས་བཅོས་དང་། ཡ་རབས་འཚོ་བ་དར་སྤེལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གཙང་སེལ་བྱེད་རྒྱུ་བཅས་དམིགས་སུ་འཛིན་པ་དང་། སྤྱི་ཚོགས་སྤྱི་ཕན་ཐེབས་རྩ་རྩ་འཛུགས་དང་ས་ཁུལ་མ་དངུལ་བཀོད་སྒྲིག་སོགས་ཀྱི་བྱེད་ཐབས་སྤྱད་ནས། གད་སྙིགས་མེར་སྲེག་ཐབ་ཀྱི་ལས་རིགས་ཆུང་གྲས་སྒྲིག་འཛུགས་དང་། གད་སྙིགས་གནོད་མེད་རང་བཞིན་ལག་བསྟར། ཚད་འཕྲི་ཅན་དང་། ཐོན་ཁུངས་ཅན་བཅས་ཐག་གཅོད་བྱེད་པ། གད་སྙིགས་ཀྱི་སྤྱིའི་ཚད་གྲངས་ཇེ་ཉུང་དང་། ཁོར་ཡུག་འབག་བཙོག་ཇེ་ཡང་། བདེ་འཇགས་གནད་དོན་མེད་པར་བཟོས་ནས་ཡ་རབས་སྐྱེ་ཁམས་འཛུགས་བསྐྲུན་ལ་རོགས་འདེགས་བྱས་པར་མ་ཟད། འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བར་ནུས་པ་བླ་ལྷག་ཕུལ་ཡོད་ཟེར།
མཛད་སྒོའི་སྟེང་། 《རྨ་འབྲི་རྫ་གསུམ་འབྱུང་ཡུལ་གཙང་སེལ་གྱི་སྐྱེ་ཁམས་ཆེད་དམིགས་སྤྱི་ཕན་ཐེབས་རྩའི་བདག་གཉེར་བྱེད་ཐབས་》ཅེས་པ་སྤྱི་སྒྲོག་བྱས་པ་དང་། ཉིས་སྟོང་བཅུ་གསུམ་ལོ་ནས་ཉིས་སྟོང་བཅོ་བརྒྱད་ལོའི་བར་ཞིང་ཆེན་རྒྱ་གྲུམ་དམར་པོ་ཚོགས་པས་སྤྱིའི་མ་དངུལ་གཏོང་ཚད་སྒོར་ས་ཡ་གཅིག་ལྷག་དང་། སྤྱིའི་ཞལ་འདེབས་ཀྱི་མ་དངུལ་གཏོང་ཚད་སྒོར་འབུམ་ལྔར་སླེབས་པས་གཅེས་སེམས་འབུལ་བའི་ཁེ་ལས་ལས་དོན་ལས་ཁུངས་ཀྱིས་གཟི་བརྗིད་རྟགས་མ་ཕུལ་ནས་གཟེངས་བསྟོད་བྱས་པ་རེད།