རྒྱུད་གཅིག་ལམ་གཅིག་གི་འཛུགས་བསྐྲུན་མཉམ་འདྲེས་བཟང་བོར་བྱ་ཆེད་དང། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་བྱ་བཞག་ལ་སྐུལ་འདེད། རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་དངོས་འབབས་དོན་འཁྱོལ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་དུ་བྱུང་བའི་ཤུལ་བཞག་རིག་གནས་དར་སྤེལ། མཚོ་སྔོན་གྱི་རིག་གནས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དམིགས་ཡུལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་རྟེན་མཛོད་ཁང་གིས་ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིན་དང་ཞིང་ཆེན་རིག་དངོས་ཅུའུ་ཡི་མཛུབ་སྟོན་འོག ཐང་བོད་གནའ་ལམ། ཞིང་ཆེན་བདུན་གྱི་རྟེན་རྫས་རྩེར་སོན་མཉམ་འབྲེལ་འགྲེམས་སྟོན་ཅེས་ཇུས་འགོད་བྱས། མཚོ་སྔོན་དང་ཧྲན་ཞི། ཀན་སུའུ། སི་ཁྲོན། ཉིན་ཞ། ཞིན་ཅང་། བོད་ལྗོངས་སོགས་ཀྱི་རིག་གནས་རྟེན་རྫས་ལས་ཁུངས་ཀྱིས་གནའ་བོའི་རྟེན་རྫས་ཉིས་བརྒྱ་ལྷག་འགྲེམས་སྟོན་བྱས་ཏེ། ཐང་བོད་གནའ་ལམ་གྱི་རྫོགས་ལྡན་དུས་རབས་ཀྱི་རྣམ་པ་དང་ལམ་རྒྱུད་ས་ཁུལ་ཐེབས་པའི་ཤུགས་ཆེན་ཟབ་མོ་གསོན་ཉམས་ལྡན་པའི་ངང་མངོན་ཡོད།
འགྲེམས་སྟོན་གྱི་ནང་དོན་ཐང་བོད་གནའ་ལམ་གྱི་གྲུབ་རྐྱེན་དང་། ཆབ་སྲིད་འབྲེལ་བ། རིག་གནས་འབྲེལ་བ། ཐང་བོད་གནའ་ལམ་གྱི་ཤུགས་རྐྱེན་བཅས་ཁག་ལྔར་བགོས་ཡོད། ཐེངས་འདིའི་རྟེན་རྫས་ཀྱི་ཡོངས་ཁུངས་རྒྱ་ཆེ་ཞིང་རིན་ཐང་མཐོ་ལ། རིགས་སྣ་མང་བས་མཛེས་དཔྱོད་རིན་ཐང་ཆེན་པོ་ལྡན།