ས་དེའི་དུས་ཚོད་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་སྲིད་གཞུང་བར་གྱི་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་རྒྱུན་ལས་གྲོས་ཚོགས་སྟེང་། ཀྲུང་གོས་ཡིག་ཐོག་སྙན་ཞུ་བྱས་པའི་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་བྱེད་ཐབས་ཏེ་ཀྲུང་གོའི་བོད་ཀྱི་ཚེ་སྲོག་བདེ་ཐང་དང་ནད་རིགས་འགོག་བཅོས་སྐོར་གྱི་ཤེས་བྱ་དང་ལག་ལེན་ཞེས་པར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་མཚོན་བྱེད་བརྩམས་ཆོས་མིང་ཐོའི་ཁྲོད་ཚུད། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅོ་ལྔ་ལོའི་ལོ་མཇུག་ཏུ་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་བྱེད་ཐབས་གཟུགས་འདས་ཤུལ་བཞག་རིག་གནས་ཁྲོད་འཇོག་པར་ཡིག་ཐོག་སྙན་ཞུ་བྱེད་པའི་བྱ་བ་དངོས་སུ་འགོ་བརྩམས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་བྱེད་ཐབས་ཀྱི་རིག་གཞུང་ཞིབ་འཇུག་དང་གྲུབ་འབྲས་ཁྱབ་སྤེལ་གཏོང་བར་བྱས་རྗེས་གལ་ཆེན་བཞག
ཉིས་སྟོང་བརྒྱད་ལོར། བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་བྱེད་ཐབས་སྔར་ལས་རྒྱུན་འཛིན་དང་སྲུང་སྐྱོབ་བཟང་བོ་བྱེད་ཆེད། རང་རྒྱལ་གྱིས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དེ་རྒྱལ་ནང་གི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་གཞིའི་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་བྱེད་ཐབས་ཀྱི་སྲུང་སྐྱོབ་སྡེ་ཁག་ཏུ་གཏན་ཁེལ་བྱས་པ་དང་། ཞིང་ཆེན་བོད་སྨན་ཁང་གི་ཡོན་ཀྲང་ཀླུ་བྱམས་རྒྱལ་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་བྱེད་ཐབས་ཀྱི་རྒྱུན་འཛིན་པར་གཏན་ཁེལ་བྱས།
གཟུགས་འདས་ཤུལ་བཞག་རིག་གནས་སུ་ཡིག་ཐོག་སྙན་ཞུ་བྱེད་སྐབས། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་བོད་རང་སྐྱོང་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྙན་ཞུ་བྱ་བར་ཧུར་ཐག་གིས་མཐུན་སྦྱོར་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་རིགས་སོ་སོའི་རྒྱུ་ཆ་འདོན་སྤྲོད་བྱས་པ་དང་། བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་བྱེད་ཐབས་དེ་རྒྱལ་ཡོངས་ཀྱི་བོད་ཀྱི་གསོ་རིག་ཆེད་མཁས་རྒན་པ་དག་གི་རྒྱབ་སྐྱོར་འོག རྒྱལ་ཁབ་ཕྱི་ནང་གི་སྨན་བཅོས་ལས་རིགས་ཀྱི་ཁས་ལེན་གང་ལེགས་ཐོབ། མཚོ་སྔོན་ཞིང་ཆེན་རིག་གནས་སྡེ་ཁག་གིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་བློན་ཆོས་ཞང་བློན་ཆོས་སྡེ་བ་དང་ཞིང་ཆེན་བོད་སྨན་ཁང་། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་། བོད་ཀྱི་གསོ་བ་རིག་པའི་ཞིབ་འཇུག་ཁང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བོད་ལུགས་གསོ་རིག་ཞིབ་འཇུག་ཚོགས་པ་སོགས་འབྲེལ་ཡོད་ཚོགས་པ་དང་མཐུན་སྦྱོར་བྱས་ཏེ་འབྲེལ་ཡོད་ཞིབ་འཇུག་སྡེ་ཁག་བཙུགས་པ་དང་། རྣམ་པ་མང་པོའི་གསོ་སྦྱོང་བྱ་འགུལ་སྤེལ་ནས་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་བྱེད་ཐབས་རྒྱུན་འཛིན་དང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།