ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཧི་ནན་སོག་རིགས་རང་སྐྱོང་རྫོང་གིས་ཚོང་འགུག་དངུལ་འདྲེན་དང་སྐྱེ་ལྡན་ཐོན་རྫས་འོས་སྦྱོར་ཚོགས་འདུ་ནང་སོག་རང་སྐྱོང་ལྗོངས་མཁར་སྔོན་པོ་གྲོང་ཁྱེར་ནས་བསྡུས། ཁེ་ལས་བརྒྱ་དང་དོན་གཉིས་ལྷག་འོས་སྦྱོར་ཚོགས་འདུར་ཞུགས།
འཕེལ་རྒྱས་ཀྱི་སྐས་རིམ་གསར་བར་གནས་པའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་ནི་བོད་སོག་མཉམ་འདྲེས་ཀྱི་ཐུན་མིན་ཡུལ་སྲོལ་གོམས་གཤིས་ཀྱི་ལེགས་ཆ་ལྡན་ཞིང་མཚོ་བོད་མཐོ་སྒང་གི་རྨ་ཁུག་དང་པོའི་གཙང་གསུམ་འགོ་ཁུངས་ཀྱི་ས་གཙང་ས་ཁུལ་གྱི་སྐྱེ་ཁམས་ལེགས་ཆ་དང་སྒོ་འབྱེད་ཁོང་ཡངས་ཀྱི་མ་རྐང་འཇོག་པའི་དགེ་མཚན་ལྡན་པས་ཕྱོགས་མང་པོ་ནས་སྔོན་ཐོན་གྱི་འཕེལ་རྒྱས་ཉམས་མྱོང་ལྡན། ཧི་ནན་རྫོང་གིས་ཐེངས་འདིའི་འོས་སྦྱོར་ཚོགས་འདུ་ནི་གོ་སྐབས་ལེགས་པོ་ཞིག་ལ་བརྩིས་ཏེ་ནང་སོག་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་རྫོང་ཁོངས་སོ་སོར་འབྲེལ་འདྲིས་བྱེད་པར་ཤུགས་བསྣན་པ་དང་གཏིང་ཟབ་སྒོས་རྒྱུས་ལོན་བྱེད་པ། མཛའ་བརྩེ་ཇེ་ཟབ་ཡོང་བ། མཉམ་ལས་གོང་འཕེལ། ལེགས་ཆ་གསབ་རེས་ཡོང་བ་སོགས་བྱས།
ཧི་ནན་རྫོང་གི་རྫོང་དཔོན་ཨ་ཆུང་གིས་བཤད་རྒྱུར། མཁར་སྔོན་པོ་དང་ཧི་ནན་རྫོང་གཉིས་ལ་འབྲེལ་བ་ཟབ་མོ་ལྡན་ཞིང་ལྷག་པར་ཏུ་ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་དང་ནང་སོག་སོགས་ཀྱི་རྒྱབ་སྐྱོར་འོག་ཏུ་ཧི་ནན་རྫོང་དང་ནང་སོག་གི་འབྲེལ་ཡོད་གྲོང་ཁྱེར་གྱིས་ལག་རྡང་སྦྲེལ་ནས་འཕེལ་རྒྱས་ཀྱི་དུས་རབས་གསར་བར་སླེབས།
འོས་སྦྱོར་ཡུལ་དངོས་ཚོགས་འདུའི་སྟེང་ཧི་ནན་རྫོང་དང་འབྲེལ་ཡོད་ལས་ཁུངས་དག་གིས་རིགས་མི་འདྲ་བའི་འཛུགས་སྐྲུན་ལས་གཞི་དྲུག་ལྷག་ལ་གྲོས་མཐུན་བཀོད་ཅིང་སྒོར་གྲངས་དུང་ཕྱུར་བཅུ་གཉིས་ལྷག་ལ་སླེབས།