རང་རྒྱལ་གྱི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་ཐེངས་ལྔ་པ་བསུ་ཆེད་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན་གྱི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོར་དམ་བཅའ་འཇོག་པའི་བྱ་འགུལ་སྤེལ། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཞིབ་དཔྱོད་དཔོན་པོ་མུན་ཡུང་ཧྲན་གྱིས་སྣེ་ཁྲིད་དེ་དམ་བཅས།
རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གཞི་འཛིན་རྩའི་ཁྲིམས་ལུགས་ཡིན་ཞིང་རང་རྒྱལ་གྱིས་ལོ་རེའི་ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོར་གཏན་ཁེལ་བྱས་ཡོད། དམ་བཅའ་འཇོག་པའི་བྱ་འགུལ་གྱི་དམིགས་ཡུལ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་ཟབ་མོ་བྱས་ཏེ། རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་ཆེན་པོ་དང་རྩ་ཁྲིམས་ཀྱི་འདུ་ཤེས་ལ་ཤུགས་སྣོན་བྱས་ནས་གོམ་གང་མདུན་སྤོས་ཀྱིས་ཞིབ་དཔྱོད་པས་ཁྲིམས་ལྟར་ལས་འགན་ལག་བསྟར་བྱེད་པའི་འགན་འཁྲིའི་འདུ་ཤེས་དང་གཟི་བརྗིད་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་རྒྱུ་དེ་རེད། བྱ་འགུལ་ཁྲོད་དུ་མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་གི་ལས་དོན་པ་ཡོངས་ཀྱིས་རྒྱལ་དར་གྱི་མདུན་དུ་དམ་བཅས་ཏེ་རྩ་ཁྲིམས་ལ་བློ་དཀར་བ་ཡོངས་སུ་མཚོན་པར་བྱས།