མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་མང་པོར་གྲང་རླུང་གཡུགས།
2018.12.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་བཅུ་གཉིས་པ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་ས་ཁུལ་མང་པོའི་ནམ་ཟླ་ཇེ་འཁྱག་ལ་སོང་། མཚོ་ནུབ་དང་མཚོ་བྱང་གི་ས་ཁུལ་ལ་རླུང་གཡུགས་པ་དང་། ཚེས་ལྔ་ཉིན་སྟོང་སྐོར་རྫོང་དུ་ཚད་རིམ་བཅུ་གཅིག་ཅན་གྱི་རླུང་གཡུགས། 

མཚོ་སྔོན་གནམ་གཤིས་རྟོག་དཔྱོད་ཁང་གིས་སྡོམ་རྩིས་བྱས་པའི་གཞི་གྲངས་ལྟར་ན། ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ནས་ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན་བར། ཐོ་ཐོ་གཙང་བོ་དང་རྨ་སྟོད། ཆུ་དམར་ལེབ། པད་མ་སོགས་ས་ཁུལ་གྱི་ཆེས་དམའ་བའི་དྲོད་གྲངས་གོར་ཐིག་མན་གྱི་དྲུག་ལ་བུད་པ་དང་དེའི་ནང་ཐོ་ཐོ་གཙང་བོའི་ཆེས་དམའ་བའི་དྲོད་གྲངས་གོར་ཐུག་མན་གྱི་བཅུ་ལ་བུད། 

ཚེས་ལྔ་ནས་བདུན་བར། བྱང་ཕྱོགས་ས་ཁུལ་ལ་གྲང་རླུང་གསར་བ་བྱུང་བ་དང་། ཚེས་ལྔ་ཉིན་གྱི་ཆུ་ཚོད་བཅུའི་སྟེང་། མཚོ་སྐོར་ས་ཁུལ་གྱི་རྐང་ཚ་དང་མདའ་བཞི། གོང་ཧོ་སོགས་ལ་ཚད་རིམ་དྲུག་ཅན་གྱི་ནུབ་རླུང་གཡུགས།

མཚོ་སྔོན་ཞིང་ཆེན་གནམ་གཤིས་རྟག་དཔྱོད་ཁང་གི་གཞི་གྲངས་ལྟར་ན། མ་འོངས་པའི་ཉིན་གཉིས་ཀྱི་རིང་ལ།མཐོ་སྒང་གི་ལྷོ་ཕྱོགས་ས་ཁུལ་འགའ་ཤས་ལ་ཁང་འབབ་པ་དང་བྱང་ཕྱོགས་ཀྱི་ནམ་ཟླ་ཇེ་འཁྱག་ལ་འགྲོ་རྒྱུ་རེད། 

ཞིང་ཆེན་ཡོངས་ཀྱི་མ་འོངས་པའི་ཉིན་གསུམ་གྱི་གནམ་གཤིས་གནས་ཚུལ་ནི། ཚེས་དྲུག་གི་ཉིན་མོར། ཡུལ་ཤུལ་གྱི་ལྷོ་ཕྱོགས་དང་པད་མ་ས་ཁུལ་ལ་ཁང་ཆུང་ཆུང་འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་འགའ་ཤས་ལ་གནམ་ཐང་བ་ནས་སྤྲིན་མང་རྒྱུ་རེད།  མཚོ་ཤར་ས་ཁུལ་ལ་ཚད་རིམ་ལྔ་ནས་དྲུག་བར་གྱི་ནུབ་རླུང་གཡུགས་རྒྱུ་རེད། ཚེས་དྲུག་གྱི་མཚན་མོ་དང་ཚེས་བདུན་གྱི་ཉིན་མོར། རྨ་ལྷོའི་ལྷོ་ཕྱོགས་དང་མགོ་ལོག ཡུལ་ཤུལ། ཐུན་ཏེ་སོགས་ལ་ཁང་ཆུང་ཆུང་འབབ་པ་དང་ས་ཁུལ་གཞན་དག་ལ་སྤྲིན་མང་རྒྱུ་རེད། ཚེས་བདུན་གྱི་མཚན་མོ་དང་ཚེས་བརྒྱད་ཀྱི་ཉིན་མོར། ཡུལ་ཤུལ་གྲོང་ཁྱེར་དང་རྫ་སྟོད་ལ་ཁང་འབྲིང་ཙམ་འབབ་རྒྱུ་རེད། ཁྲི་འདུ་དང་འདམ་མདའ་ས་ཁུལ་ལ་ཡང་ཁང་ཆུང་ཆུང་འབབ་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་མང་ཤས་ལ་སྤྲིན་མང་བ་ནས་གནམ་ཐང་རྒྱུ་རེད།

ཟི་ལིང་གྲོང་ཁྱེར་གྱི་མ་འོངས་བའི་ཉིན་གསུམ་གྱི་གནམ་གཤིས་གནས་ཚུལ་ནི། ཚེས་བདུན་ཉིན། སྤྲིན་མང་བ་ནས་གནམ་རུབ་རྒྱུ་རེད། དྲོད་གྲངས་གོར་ཐུག་མན་གྱི་བཅུ་གསུམ་ནས་གོར་ཐུག་ཡན་གྱི་གཅིག་བར་རེད། ཚེས་བརྒྱད་ཉིན་སྤྲིན་མང་བ་དང་དྲོད་གྲངས་གོར་ཐུག་མན་གྱི་བཅུ་བཞི་རེད། ཚེས་དགུ་ཉིན་གནམ་ཐང་རྒྱུ་རེད་དྲོད་གྲངས་གོར་ཐུག་མན་གྱི་བཅུ་གསུམ་དང་གོར་ཐུག་ཡན་གྱི་གཅིག་བར་རེད།