ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་བཅོ་བརྒྱད་ལོའི་ཏང་འཛུགས་བརྟག་སྡུར་རྩིས་ལེན་ཚོགས་འདུ་བསྡུས། ལོ་འགོར་གཏན་ཁེལ་བྱས་པའི་ཞིང་ཆེན་རིམ་པའི་ཏང་འཛུགས་གཙོ་གནད་ལས་གཞི་ལ་བརྟག་སྡུར་རྩིས་ལེན་བྱས། ལས་གཞི་དེ་དག་གི་ནང་གཞི་རིམ་ཏང་འཛུགས་ལས་གཞི་བཅུ་དང་། འཇོན་མིའི་ལས་གཞི་ལྔ་འདུས་པ་དང་། དཔྱད་འདེམས་པས་ལག་བསྟར་བྱས་པའི་ལས་གཞི་བཅོ་ལྔ་ལ་ཡུལ་དངོས་བརྟག་སྡུར་བྱས་ཏེ་སྐར་མ་བྱིན།
ཚོགས་འདུ་ལས་བསྟན་དོན། ད་ལོར་ས་ཁུལ་སོ་སོའི་ལས་ཁུངས་ཀྱིས་འགན་སྒྲུབ་བྱས་པའི་ཏང་འཛུགས་ལས་གཞི་བཅོ་ལྔའི་རྩ་འཛུགས་ཞིབ་ཚགས་ཡིན་པ་དང་། བྱེད་ཐབས་གསར་བ་ཡིན་ལ། གྲུབ་འབྲས་མངོན་གསལ་ཡིན་པས་སྔོན་དཔག་གི་དམིགས་ཚད་དང་མཐུན་ལ། བརྟག་སྡུར་གོ་རིམ་ཁྲོད་དངོས་ཐོག་བདེན་འཚོལ་དང་ནན་ཏན་འགན་འཁུར། རིས་སུ་མ་ཆད་པ་དང་འདྲ་མཉམ་དྲང་གཞག་གི་བྱ་བའི་འོས་འགན་ཡོངས་སུ་འགྲུབ་ཡོད་ཟེར།
ཚོགས་འདུ་ལས་ད་དུང་བླང་བྱ་བཞི་བཏོན་པ་སྟེ། གཅིག ལས་གཞི་ལག་བསྟར་མཐའ་འཁྱོལ་བྱེད་པ། གཉིས། ལས་གཞིའི་མ་དངུལ་བཀོལ་ཤེས་བྱེད་པ། གསུམ། གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་ལ་སྐུལ་འདེད་བྱེད་པ། བཞི། སང་ལོའི་ལས་གཞི་ལ་ཇུས་འགོད་བྱེད་རྒྱུ་བཅས་ཀྱི་རེ་བ་ནན་གྱིས་བཏོན་ནས་ཏང་འཛུགས་བྱ་བར་ཡང་བསྐྱར་གྲུབ་འབྲས་གསར་བ་ལེན་དགོས་ཟེར།