མགོ་ལོག་ཁུལ་ནས་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་ཐོག་མ་འཛུགས་པར་ཆོག་མཆན་ཐོབ།
2018.12.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

མགོ་ལོག་ཁུལ་ནས་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་ཐོག་མ་འཛུགས་པར་ཆོག་མཆན་ཐོབ།

ཉེ་ལམ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་རྩ་འཛུགས་སྙན་ཞུ་ཕུལ་ཏེ་རྨ་ཆེན་རྫོང་གཡུག་གཞུང་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་འཛུགས་སྐྲུན་བྱེད་པར་རྒྱལ་ཁབ་ནགས་ལས་ཁང་དང་རྩྭ་ཐང་ཁང་གི་ཆེད་མཁས་པས་ཞིབ་དཔྱད་བྱས་མཐར་འཛུགས་སྐྲུན་ཆོག་མཆན་ཐོབ།

རྨ་ཆེན་རྫོང་གཡུག་གཞུང་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་ནི་རྨ་སྟོད་རྫོང་ཀོ་མཚོ་དང་། པད་མ་རྫོང་སྨར་ཁམས་དང་དར་ལག་རྫོང་རྨ་ཆུ།  དགའ་བདེ་རྫོང་པད་མ་རིན་ཐོ་སོགས་རྒྱལ་ཁབ་རིམ་པའི་རླན་སའི་སྤྱི་གླིང་བཙུགས་རྗེས་མགོ་ལོག་ཁུལ་དུ་གསར་འཛུགས་བྱས་པའི་རྒྱལ་ཁབ་སྤྱི་གླིང་ཡིན་ལ།  མགོ་ལོག་ཁུལ་དུ་བཙུགས་པའི་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་ཐོག་མའང་རེད།  རྨ་ཆེན་རྫོང་གཡུག་གཞུང་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་དེ་ནི་རྨ་ཆེན་གཡུག་གཞུང་གི་ཁོངས་སུ་ཡོད་པ་དང་།  རྩ་ཆེ་ཞིང་འཇིགས་ཉེན་ཡོད་པའི་སྐྱེ་དངོས་ཐོན་ཁོངས་སླར་གསོ་དང་སྲུང་སྐྱོབ་བྱེད་རྒྱུ་དམིགས་འབེན་བྱས་སྟེ། ནགས་རྩྭ་དང་སྔོ་ཁེབས་ནུས་ལྡན་སླར་གསོ་སྲུང་སྐྱོབ་བྱེད་པ།  བྱེ་མའི་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས།  བྱེ་ཐང་ནུས་ཁུངས་འོས་འཚམ་སྒོས་བཀོད་སྤྱོད་བཅས་བྱས་ནས་བྱེ་མའི་ཁུལ་གྱི་མི་རིགས་རིག་གནས་དར་སྤེལ་དུ་གཏོང་བ་སོགས་ནི་འཛུགས་སྐྲུན་གྱི་ནང་དོན་གཙོ་བོ་རེད།  བྱེ་ཐང་སྤྱི་གླིང་འདི་བྱེ་ཁུལ་ཉར་སྲུང་ཁུལ་དང་དྲིལ་སྒྲོག་སློབ་སྟོན་ཁུལ།  བྱེ་ཐང་ཉམས་ལེན་ཁུལ། དོ་དམ་ཞབས་ཞུ་ཁུལ་བཅས་ནུས་ལྡན་ཁུལ་བཞི་རུ་བགོས་ཡོད་པ་རེད།

རྨ་ཆེན་རྫོང་གཡུག་གཞུང་རྒྱལ་ཁབ་སྤྱི་གླིང་བཙུགས་པ་དེས་བྱེ་རླུང་གི་གནོད་འཚེ་ནུས་ཡོད་ཀྱིས་བཀག་འགོག་དང་ཉེ་འཁོར་གྱི་ཁོར་ཡུག་བཙོག་སྐྱོན་དག་སེལ་བྱེད་པ། མཁའ་དབུགས་ཀྱི་སྤུས་ཚད་མཐོར་འདེགས་གཏང་ཐུབ་པར་མ་ཟད།  སྡོད་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་བཅོས་བྱས་ནས་ས་དེའི་ངལ་རྩོལ་པའི་ལས་ཞུགས་གནད་དོན་ཐག་གཅོད་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་ནུས་པ་གལ་ཆེན་འདོན་ཐུབ་པས།  སྐྱེ་ཁམས་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་མངོན་གསལ་ལྡན་པ་རེད།