རྨ་ལྷོ་ཁུལ་གྱིས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱ་བར་ཤུགས་བསྣན།
2018.12.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རེབ་གོང་རིག་གནས་ཀྱི་འཇོན་ཐང་མི་སྣ་སྐྱེད་སྲིང་ལ་བྱས་རྗེས་བླ་མེད་བཞག་པའི་རིག་གནས་གནས་གཞི་དང་རིག་གནས་ཁེ་ལས། དམངས་ཁྲོད་སྒྱུ་རྩལ་པ་སོགས་ལ་གསེངས་རྟགས་གནང་ཞིང་སྙིང་འབུམ་དང་ཕྱག་རྡོར། ཤ་བོ་སྐྱབས་སོགས་རྒྱལ་ཁབ་རིམ་པའི་མཛེས་རྩལ་དགེ་རྒན་ཆེན་མོ་བདུན་ལ་རེབ་གོང་རིག་གནས་ཀྱི་སྣེ་ཁྲིད་འཇོན་མིའི་མཚན་སྙན་ཐོབ། 

རེབ་གོང་རི་མོ་གླིང་སོགས་རི་མོ་གླིང་ག་གསུམ་ལ་རེབ་གོང་འཇོན་ཐང་མི་སྣ་སྐྱེད་སྲིང་རྟེན་གཞི་དང་སངས་རྒྱས་རེབ་གོང་མི་རིགས་རིག་གནས་གླིང་སོགས་ཁེ་ལས་དྲུག་ལ་རེབ་གོང་འཇོན་ཐང་མི་སྣ་སྐྱེད་སྲིང་དཔེ་སྟོན་ཁེ་ལས། སྐལ་བཟང་རྒྱ་མཚོ་སོགས་སོགས་ཁྱིམ་ཚང་བཅུ་དྲུག་ལ་རེབ་གོང་འཇོན་ཐང་མི་སྣ་སྐྱེད་སྲིང་ཁྱིམ་ཚང་བཅས་ཀྱི་མཚན་སྙན་གནང་། རྨ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རེབ་གོང་འཇོན་ཐང་མི་སྣ་སྐྱེད་སྲིང་དཔེ་སྟོན་རྟེན་གཞི་ལ་རོགས་དངུལ་ཁྲི་གསུམ་དང་རེབ་གོང་འཇོན་ཐང་མི་སྣ་སྐྱེད་སྲིང་དཔེ་སྟོན་ཁེ་ལས་ལ་སྒོར་ཁྲི་གཉིས། རེབ་གོང་འཇོན་ཐང་མི་སྣ་སྐྱེད་སྲིང་དཔེ་སྟོན་ཁྱིམ་ཚང་ལ་སྒོར་ཁྲི་གཅིག རེབ་གོང་འཇོན་ཐང་མི་སྣ་སྣེ་ཁྲིད་མི་སྣ་ལ་སྒོར་ལྔ་སྟོང་བཅས་བྱིན།

རེབ་གོང་རིག་གནས་དང་ཁུ་ནུ་རིག་གནས། གཙང་གསུམ་འབྱུང་ཡུལ་རིག་གནས། རྨ་ཙོང་རིག་གནས་སོགས་ནི་མཚོ་སྔོན་གྱི་རིག་གནས་མ་ལག་ཆེན་པོ་བཞི་ཡིན་ལ། ལོ་མང་རིང་གི་སྲུང་སྐྱོབ་ལ་བསྟེན་ནས་རེབ་གོང་རིག་གནས་ཀྱིས་རྣམ་པ་བཟང་བོ་རྒྱུད་འཛིན་དང་ས་གནས་རིག་གནས་ཀྱི་ངོ་བོ་མ་བོར་བར་ཚན་རིག་དང་སྒྱུ་རྩལ། ཆོས་ལུགས། མི་རིགས། སྤྱི་ཚོགས། དམངས་སྲོལ་སོགས་ཀྱི་རིན་ཐང་ཆེན་པོ་ལྡན་པའི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ཁྲོད་ཀྱི་མཚར་སྡུག་འབར་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

ཉེ་བའི་ལོ་འདི་དག་གི་རིང་ལ་རྨ་ལྷོ་ཁུལ་གྱིས་ཤེས་ལྡན་མི་སྣའི་བྱ་བར་བརྩི་མཐོང་དང་ཕྱོགས་ཡོངས་ནས་རེབ་གོང་རིག་གནས་ཀྱི་འཇོན་ཐང་མི་སྣ་སྐྱེད་སྲིང་ལས་གཞི་ལག་བསྟར་བྱེད་པ་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ལས་གཞི་ལ་བརྩིས་ཤིང་།  མིག་སྔར་རྨ་ལྷོ་ཁུལ་ཡོངས་ན་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། ཁུལ་རིམ་པ། རྫོང་རིམ་པ་སོགས་ཀྱི་སྒྱུ་རྩལ་མཁས་ཆེན་དང་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་མཁན་ལྔ་བརྒྱ་ལྷག་ཡོད།