མཚོ་སྔོན་ཞིང་ཆེན་གྱིས་དམངས་གཉེར་ཁེ་ལས་ལ་ཁྲིམས་སྐྱོང་བརྟག་དཔྱད་ལས་དོན་སྤེལ།
2018.12.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན།  མཚོ་སྔོན་ཞིང་ཆེན་གྲོས་ཚོགས་ལྟེ་གནས་སུ་དམངས་གཉེར་ཁེ་ལས་ཁྲིམས་སྐྱོང་བརྟག་དཔྱད་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས། གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན་གཟའ་འཁོར་རྗེས་མ་ནས་བཟུང་།   མཚོ་སྔོན་ཞིང་ཆེན་དམངས་གཉེར་ཁེ་ལས་ཁྲིམས་རྩོད་པའི་ཞབས་ཞུ་ཚོགས་པས་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས་སོ་སོར་ཁྲིམས་སྐྱོང་སྲིད་ཇུས་སྒྲོག་བཤད་དང་ཁྲིམས་སྐྱོང་བརྟག་དཔྱད་ཀྱི་ལས་དོན་སྤེལ་རྒྱུ་རེད་ཟེར།

ཐེངས་འདིའི་དམངས་གཉེར་ཁེ་ལས་ཁྲིམས་སྐྱོང་བརྟག་དཔྱད་བྱེད་པའི་བཞུགས་མོལ་ཚོགས་འདུ་འདི་ནི་ཞིང་ཆེན་ཏང་ཨུའི་ལས་དོན་ཨུ་ཡོན་ལྷན་ཁང་གསར་བ་གཉིས་དང་ཞིང་ཆེན་ཁྲིམས་འཛིན་ཐིན།  ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས།  ཞིང་ཆེན་ཁྲིམས་རྩོད་པའི་མཐུན་ཚོགས་བཅས་ཀྱིས་མཉམ་འབྲེལ་གྱིས་སྤེལ་བ་ཡིན་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་ནན་ཏན་གྱིས་སློབ་སྦྱོང་དང་།  ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དམངས་གཉེར་ཁེ་ལས་བཞུགས་མོལ་ཚོགས་འདུའི་སྙིང་སྟོབས་དངོས་འབབས་དོན་འཁྱོལ་ཟབ་མོ་བྱེད་པ།  མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་ཁེ་ལས་འཕེལ་རྒྱས་རྒྱ་སྐྱེད་སྐུལ་འདེད་གཏོང་རྒྱུ་བཅས་ནི་ཚོགས་འདུའི་ཁ་ཚ་དགོས་གཏུག་གི་དམིགས་ཡུལ་རེད།

ཚོགས་ཐོག་ཏུ་ད་དུང་།   ཞིང་ཆེན་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱི་འགན་ཁུར་མི་སྣས་ཞིང་ཆེན་དམངས་གཉེར་ཁེ་ལས་ཁྲིམས་སྐྱོང་བརྟག་དཔྱད་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་།   ཡུལ་གཞན་གྱི་ཚོང་ཚོགས་ཁ་ཤས་དང་དམངས་གཉེར་ཁེ་ལས་ཀྱི་འགན་འཁུར་བ།  ཁྲིམས་རྩོད་པའི་འཐུས་ཚབ་བཅས་ཀྱིས་དམངས་གཉེར་ཁེ་ལས་ཁྲིམས་ལུགས་ཞབས་ཞུའི་དགོས་མཁོ་དང་མཁོ་སྤྲོད་ཕྱོགས་ནས་བསམ་ཚུལ་བརྗེ་རེས་བྱས།

རྒྱུས་ལོན་བྱུང་བ་ལྟར་ན།  ཁྲིམས་སྐྱོང་བརྟག་དཔྱད་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཆེད།  ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་ཁྲིམས་འཛིན་ཐིན་གཉིས་ཀྱིས་མཉམ་འབྲེལ་སྒོས་དམངས་གཉེར་ཁེ་ལས་རྒྱ་སྐྱེད་བྱེད་པའི་ཁྲིམས་སྐྱོང་བརྟག་དཔྱད་ཆེད་དོན་བྱ་འགུལ་གྱི་ཇུས་གཞི་བཏོན་པ་མ་ཟད།  ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས་སོ་སོར་ཁྲིམས་སྐྱོང་སྲིད་ཇུས་སྒྲོག་བཤད་དང་ཁྲིམས་སྐྱོང་བརྟག་དཔྱད་བྱེད་པའི་ལས་དོན་ཟླ་འདིའི་ཟླ་མཇུག་ཏུ་ཡོངས་འགྲུབ་བྱ་རྒྱུ་རེད་ཟེར།