ནང་ཆེན་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དབུ་ཚུགས་དང་ཐེངས་དང་པོའི་འཐུས་མི་ཚོགས་ཆེན་གཟབ་རྒྱས་ངང་ཚོགས།
2018.12.12 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 38

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་གཡང་འབུམ་རྒྱལ་གྱིས་བཀོད་པའི་གསར་འགྱུར།

 ཟླ12པའི་ཚེས7ཉིན། རྔམ་བརྗིད་ཀྱི་རྒྱལ་གླུའི་གདང་དབྱངས་ཁྲོད། ནང་ཆེན་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དབུ་ཚུགས་དང་ཐེངས་དང་པོའི་འཐུས་མི་ཚོགས་ཆེན་གཟབ་རྒྱས་ངང་ཚོགས།  རྫོང་ཏང་ཨུའི་ཧྲུའུ་ཅི་ཀྲང་ཁུན་མེན་དང་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་བསོད་ནམས་བཀྲ་ཤིས་སོགས་གཙོས་དམངས་ཆེན་གྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན་བཅས་མི98ཙམ་ཚོགས་འདུར་ཞུགས།  རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་བསོད་ནམས་བཀྲ་ཤིས་ཀྱིས་ཚོགས་འདུར་མགོ་འཛིན་བྱས།

  ཚོགས་འདུའི་ཐོག ནང་ཆེན་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག་དང་།  ནང་ཆེན་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཐེངས་དང་པོའི་འཐུས་མི་ཚོགས་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འདེམས་སྒུག་པའི་མིང་ཐོར་འདེམས་ཤོག་ཡོད་ཚད་ཀྱིས་འོས་མཐུན་བྱུང་ལ། ནང་ཆེན་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོའི་འདེམས་ཤོག་ལྟར། རྒྱལ་མཚན་བཟང་པོ་ནང་ཆེན་རྫོང་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་རུ་འདེམས་བསྐོ་བྱས།  བུ་ཚེ་དབང་དང་དཀོན་མཆོག་ཚེ་རིང་གཉིས་ཀྲུའུ་ཞི་གཞོན་པ་རུ་འདེམས་བསྐོ་དང་། ཀརྨ་དོན་འགྲུབ་མཚན་འཛིན་ཀྲུའུ་ཞི་རུ་གདན་ཞུ་བྱས།  རྒྱལ་མཚན་བཟང་པོས་ཚོགས་འདུའི་ཐོག་གཏམ་བཤད་གནང་།

ཧྲུའུ་ཅི་ཀྲང་ཁུན་མེན་དང་ཧྲུའུ་ཅི་གཞོན་པ་མཱ་ཧྥུ་ལན། ཀྲུའུ་རིན་ཚེ་དབང་ཉི་མ། ཧྲུའུ་ཅི་གཞོན་པ་ཕུན་ཚོགས་དགེ་ལེགས་བཅས་ཀྱིས་ནང་ཆེན་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒོ་བྱང་འབྱེད་པ་དང་། ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ།  ཨུ་ཡོན་སོགས་ལ་ལག་ཁྱེར་དཔང་ཡིག་སྤྲད།

ཚོགས་འདུའི་ཐོག  ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་སྦྲང་ཆར་རྩོམ་སྒྲིག་ཁང་།  ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཆེད་བསྐོས་རྩོམ་སྒྲིག་པ་ཐང་རོང་ཞའོ། བོད་ཀྱི་པར་ལེན་པ་གྲགས་ཅན། སྙན་ངག་པ་དོན་གྲུབ་ནོར་བུ་སོགས་གཞུང་སྒེར་སོ་སོས་ཕུལ་བའི་ཤིས་ཚིག་སྙན་སྒྲོན་བྱས་རྗེས། ཧྲུའུ་ཅི་ཀྲང་ཁུན་མན་གྱིས་རྫོང་རིམ་པའི་དབུ་ཁྲིད་རྣམ་བཞིའི་ཚབ་བྱས་ཏེ།  ཚོགས་ཆེན་འདི་ཚོགས་པར་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་། དུས་ཡུན་རིང་པོའི་ནང་རིག་གནས་ཀྱི་བྱ་བཞག་ཁྲོད། རྒྱ་ཆེའི་རིག་རྩལ་ལས་དོན་པ་རྣམས་ལ་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས། 

ཁོས་བཤད་རྒྱུར། ནང་ཆེན་ནི་ཡུལ་ཤུལ་རིག་གནས་ཀྱི་འབྱུང་ཁུངས་ཡིན་པས།   ལོ་རྒྱུས་ཡུན་རིང་ཞིང་རིག་གནས་ཀྱི་གཏིང་ཟབ་པས། ལོ་རྒྱུས་འཕོ་འགྱུར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཁྲོད། ལོ་རྒྱུས་ཀྱི་རྗེས་ཤུལ་དང་ཤེས་དཔལ་གྱི་གནའ་ཤུལ་འབོར་ཆེན་ཞིག་ཤུལ་དུ་བཞག་ཡོད།  ལྷག་པར་དུ་ས་ཆའི་གནས་བབ་ཀྱིས་ཀྱང་ཐུན་མོང་མ་ཡིན་པའི་ས་གནས་རིག་གནས་ཏེ། གེ་སར་རིག་གནས་དང་། སྟོང་དཔོན་ནམ་རྒྱལ་པོའི་རིག་གནས། གནས་མཆོག་དང་སྒོམ་སྒྲུབ་རིག་གནས། ཆོས་ལུགས་རིག་གནས་སོགས་མདོ་དབུས་མཐོ་སྒང་གངས་ལྗོངས་རིག་གནས་ཀྱི་ཉིང་བཅུད་འདུས་ཤིང་གྲ་རྒྱས་པ་ཞིག་ཡོད།  འདི་དག་གིས་ནང་ཆེན་རིག་གནས་ཀྱི་མངོན་པར་གསལ་བའི་ཐུན་མིན་ཁྱད་ཆོས་མཚོན་ལ། བསམ་པའི་དཔལ་ཡོན་གྱི་ནོར་བུའི་དོ་ཤལ་ཞིག་དང་།  རྫོགས་མཐའ་བྲལ་བའི་རིག་གནས་འབྱུང་ཁུངས་ཀྱི་བང་མཛོད་ཅིག་ཀྱང་ཡིན། རིག་རྩལ་ལྷན་ཚོགས་འཛུགས་སྒྲུབ་བྱུང་བ་ནི་ནང་ཆེན་རྫོང་གི་ཁྱོན་ཡོངས་ཀྱི་རིག་རྩལ་ཆུ་ཚད་མུ་མཐུད་དུ་འཕེལ་རྒྱས་འགྲོ་བ་དང་།ནང་ཆེན་རྫོང་གི་བསམ་པའི་དཔལ་ཡོན་འཕེལ་རྒྱས་སུ་འགྲོ་བར་ཕན་འབྲས་བླ་ན་མེད་པ་ཐོབ་ཡོད་པ་རེད།


                                            


         རྫོང་ཏང་ཨུའི་ཧྲུའུ་ཅི་ཀྲང་ཁུན་མེན་གྱིས་གཏམ་བཤད་གནང་བཞིན་པ།

                                                ལག་ཁྱེར་དཔང་ཡིག་སྤྲོད་བཞིན་པ།

 

ཚོགས་ཞུགས་མི་སྣ་རྣམས་ཀྱི་མཉམ་པར།