ལོ་མཇུག་ཏུ་མེ་འཁོར་ས་ཚུགས་ཀྱི་མགྲོན་པོ་ཇེ་མང་ལ་སོང་དང་བསྟུན་ནས་རྒྱ་ཆེའི་མགྲོན་པོ་དག་གི་བདེ་འཇགས་ཀྱི་ཆེད་དུ་ན་གོར་མོ་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་ཉིས་སྟོང་བཅུ་དགུ་ལོའི་གླག་རྒོད་ཅེས་པའི་འཐབ་མོ་རྩ་འཛུགས་བྱས་ཏེ་མེ་འཁོར་འཛིན་བྱང་རྫུན་མ་བཙོང་མཁན་ལ་ཉེས་རྡུང་གཏོང་བའི་བྱ་འགུལ་སྤེལ།
རྒྱུས་ལོན་བྱུང་བ་ལྟར་ན་ཉིས་སྟོང་བཅུ་དགུ་ལོའི་གླག་རྒོད་ཅེས་པའི་འཐབ་མོའི་ཡར་སྔོན་དུ་ལྕགས་ལམ་ཉེན་རྟོག་པས་རྗེས་ཤུལ་འཚོལ་བའི་ཆེད་དོན་བྱ་འགུལ་སྤེལ་བ་དང་འཛིན་བྱང་བཙོང་བའི་ཐབས་ལམ་དང་འཛིན་བྱང་ཇི་ལྟར་བཙོང་བ་སོགས་ལ་གཏིང་ཟབ་པའི་རྒྱུས་ལོན་བྱས་ཏེ་ཕྱོགས་གཅིག་ནས་གནད་དོན་འཚོལ་བ་དང་ཕྱོགས་གཅིག་ནས་རྡུང་རྡེག་གཏོང་རྒྱུ་རྒྱུན་འཁྱོངས་བྱས། བྱ་འགུལ་གྱིས་ཕྱོགས་ཡོངས་ནས་འཇིགས་སྣང་བསྐྱེད་པ་དང་གོང་འོག་ཀུན་ཏུ་ནན་ཞིབ་བྱས་ཏེ་གཅིག་ཀྱང་མ་ལུས་པར་རྡུང་རྡེག་གཏོང་བའི་རྩ་དོན་རྒྱུན་འཁྱོངས་བྱས། འཛིན་བྱང་འཚོང་ས་དང་རང་འགུལ་འཛིན་བྱང་ཉོ་ས། རླངས་འཁོར་གྱི་ཕྱི་ནང་དུ་འགྲོ་སའི་སྒོ་ལམ་སོགས་ལ་གཟབ་ནན་གྱིས་རྟོག་ཞིབ་བྱས་ཏེ་འཛིན་བྱང་རྫུན་མ་བཙོང་མཁན་ལ་ནན་ཏན་གྱིས་ཞིབ་བཤེར་བྱས། རླངས་འཁོར་ས་ཚུགས་ཉེ་འདབས་ཀྱི་ཚོང་ཁང་དང་མགྲོན་ཁང་། ཟ་ཁང་སོགས་སུ་ཁྱབ་བསྒྲགས་དང་ལྟ་སྐུལ་ནན་མོ་བྱས་ཏེ་ཉེས་ཅན་གྱིས་འཛིན་བྱང་རྫུན་མ་བཙོང་བའི་གནད་དོན་མི་འབྱུང་བར་ཁག་ཐེག་ནན་མོ་བྱས། དྲ་ལམ་ནས་འཛིན་བྱང་བཙོང་བར་ལྟ་སྐུལ་ནན་མོ་བྱས་པ་དང་དུས་ཚོད་ཉེར་བཞིའི་རིང་ལ་དྲ་ལམ་རྟོགས་ཞིབ་བྱས། འཛིན་བྱང་རྫུན་མ་བཙོང་བའི་ཆ་འཕྲིན་དང་མཉེན་ཆས་ལ་རྟོག་ཞིབ་ནན་མོ་བྱས་བ་དང་མགྲིམ་འགྲུལ་ས་ཚུགས་ལ་འབྲེལ་བ་དམ་པོ་བྱས་ཏེ་མི་སྒེར་དང་འཛིན་བྱང་གཉིས་ཀ་གཅིག་མཚུངས་ཡིན་པ་སོགས་ཀྱི་ཐབས་ལམ་སྤྱད་དེ་འཛིན་བྱང་རྫུན་མ་བཙོང་བའི་ཁུངས་སྣེ་བཙལ།