ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོར་མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ཡང་བསྐྱར་ཇེ་མཐོར་གཏོང་རྒྱུ་རེད།
2018.12.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན།   གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་པ་དང་།  ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་ལ་ཤུགས་བསྣན་ནས།   གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་བྱ་བ་སྔར་ལས་བཟང་བོར་བསྒྲུབ་ཆེད།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ཇེ་མཐོར་གཏོང་རྒྱུའི་བྱ་བ་དངོས་སུ་མགོ་རྩོམ་རྒྱུ་རེད།

མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་མུ་མཐུད་མཐོར་འདེགས་བཏང་བ་དེས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་བྱ་གཞག་ལ་ཚད་མཐོའི་གདེང་འཇོག་བྱས་པ་མཚོན་པ་དང་།  སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ཡིན་པ་མ་ཟད།  ནོར་སྲིད་ཆུང་བས་དམངས་ཚིས་ཆེན་པོ་སྒྲུབ་པའི་སྲིད་སྐྱོང་འདུ་ཤེས་གཅིག་ཤུལ་གཅིག་འཛིན་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཀྱང་རེད།  ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་མཐོར་འདེགས་བྱ་བའི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་ཁྱོན་ཡོངས་ནས་དངོས་འབེབས་དོན་འཁྱོལ་བྱེད་པ་དང་།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ནུས་ལྡན་འགན་སྲུང་བྱེད་རྒྱུ་རེད།