མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་སྡེ་བར་ཐུན་མོང་དཔལ་འབྱོར་ཡོད་པར་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས་པའི་ཚུན་དུ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་བསམ་ཕྱོགས་དང་བྱེད་ཐབས་གསར་གཏོད་བྱས་པ་དང་གོ་སྐབས་དམ་འཛིན་བྱས་ལ། སྡེ་བ་རིམ་པའི་རྩ་འཛུགས་ཀྱི་འགོ་ཁྲིད་སྲོག་ཤིང་ནུས་པ་འདོན་སྤེལ་བྱས་པ་དང་རིམ་པ་སོ་སོའི་སྟོབས་ཤུགས་དང་ཕྱོགས་སོ་སོའི་ཐོན་ཁུངས་གཅིག་ཏུ་བསྡུས་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་མཉམ་ཤུགས་ཆེན་པོ་གྲུབ་པར་སྐུལ་འདེད་བཏང་། མིག་སྔར། རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ་ཉེར་གཉིས་ཀྱི་ཐུན་མོང་དཔལ་འབྱོར་མེད་པའི་གནས་ཚུལ་ཐག་བཅད།
གཅིག་སྒྲིལ་རྫོང་སྡེ་བར་ཐུན་མོང་དཔལ་འབྱོར་མེད་པའི་གནད་དོན་ཐག་གཅོད་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་སྣེ་ཁྲིད་དེ་དཀའ་ངལ་ཐག་གཅོད་པ་དང་། ཏང་འཛུགས་ཀྱི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་སྣེ་ཁྲིད་འབུར་དུ་ཐོན་པར་བྱེད་པ་སོགས་ལ་དམིགས་ནས། སྡེ་བའི་གནས་ཚུལ་དང་བསྟུན་པ་དང་། དགེ་མཚན་ཐོན་ཁུངས་དང་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ལ། རང་སོ་སོའི་ཁྱད་ཆོས་ལྡན་པའི་ལམ་དུ་སྐྱོད་པའི་འདུ་ཤེས་བཙུགས་ཏེ། བསྡོམས་པས་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་གཅིག་ཁྲི་ལྔ་མཉམ་བསྲེས་བྱས་པ་དང་། ཉི་འོད་ནུས་པའི་གློག་འདོན་ས་ཚིགས་སུ་མ་རྐང་འཇོག་པ་དང་ཕྱུགས་ལས་ཐོན་རྫས་ཉོ་ཚོང་ཚོང་རར་མ་རྐང་བཞག་ནས་ནོར་གནག་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། སྣུམ་སྣོན་ས་ཚིགས་དང་རྡོ་ཟེགས་བཟོ་གྲྭ་ལ་མ་རྐང་འཇོག་པ། ཚོང་ཁང་ཉོ་བ་དང་སྡེ་བའི་ཐུན་མོང་གི་རྒྱུ་ནོར་གླ་བ་སོགས་ཀྱི་རྣམ་པ་སྤྱད་དེ། སྡེ་བའི་ཐུན་མོང་དཔལ་འབྱོར་མེད་པའི་གནད་དོན་ཐག་གཅོད་པའི་བཟོ་སྐྲུན་ལག་བསྟར་བྱས། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱེད་པ་དང་། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་སོང་བ་བཟང་བའི་སྤྱིར་བཏང་སྡེ་བ་གོང་འཕེལ་དུ་གཏོང་བ། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་སོང་བ་ཅུང་ཞན་པའི་སྡེ་བ་སྟོབས་ལྡན་དུ་བསྒྱུར་བ། ཐུན་མོང་དཔལ་འབྱོར་མེད་པའི་སྡེ་བ་མེད་པར་བྱེད་པ་བཅས་བརྒྱུད་དེ། སྡེ་བ་ཚང་མ་ཆབ་སྲིད་སྟེང་གསོན་ཤུགས་ལྡན་པ་དང་དཔལ་འབྱོར་ཐད་ནས་འགན་སྲུང་ཡོད་པ། ནུས་པ་འདོན་སྤེལ་བྱེད་ཐུབ་པ། རྩོལ་ནུས་མཐོར་འདེགས་གཏོང་ཐུབ་པར་བསྒྱུར་དགོས་པ་དང་། སྡེ་བའི་ཏང་རྩ་འཛུགས་ལ་བྱ་བ་སྒྲུབ་བྱེད་ཀྱི་སྒོར་མོ་མེད་པ་ནས་ཡོད་པ་དང་། བྱ་བ་སྒྲུབ་པའི་ནུས་པ་ཡོད་པ། འཆར་གཞི་ཡོད་པའི་སྒོ་ནས་བྱ་བ་སྒྲུབ་ཐུབ་པ་བཅས་མངོན་འགྱུར་བྱས།