ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན། ཀྲུང་དཔའ་རིག་གནས་སྐུལ་སྤེལ་ཚོགས་པ་དང་ཧྲང་ཧེ་ཏ་ཧྲི་ཅེ་ལས་ཁོངས་གཉིས་ཀྱིས་མཉམ་འབྲེལ་གཙོ་སྒྲུབ་བྱས་པའི་ཉིས་སྟོང་བཅོ་བརྒྱད་ལོའི་ཧེ་ཧྲི་ཁྱབ་སྒྲོག འཛམ་གླིང་གྲོང་ཁྱེར་གར་སྟེགས་ཐོག་ཀྲུང་གོའི་ཡིད་དབང་འཕྲོག་ཤུགས་ཆེན་པོའི་མིང་ཐོའི་ནང་བཀོད་པའི་ལོ་འཁོར་བྱ་དགའ་གནང་བའི་མཛད་སྒོ་སྟེ་ཧྲང་ཧེ་ཏ་ཧྲི་ཅེ་ནས་སྤེལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་གསར་རྩོམ་སྒྲིག་འགོད་བྱས་པའི་གེ་སར་ཟློས་གར་ཆེ་གྲས་རྨ་སྟོད་གླིང་ཕ་ས་ཞེས་པ་རྒྱལ་ཡོངས་ཀྱི་འགྲན་ཞུགས་ལེ་ཚན་སུམ་བརྒྱ་དང་དྲུག་བཅུ་ལས་ཡང་རྩེར་སོན་པས། གསེར་གྱི་རྟགས་མའི་བྱ་དགའ་བསྩལ་བ་མ་ཟད། བྱ་དགའི་མཛད་སྒོའི་སྟེང་དངོས་སུ་འཁྲབ་སྟོན་བྱས་པ་རེད།
གེ་སར་ཟློས་གར་རྨ་སྟོད་གླིང་གི་ཕ་ས་ཞེས་པ་འདི་སྲོལ་རྒྱུན་གྱི་བོད་མའི་ཞབས་བྲོའི་འགུལ་སྟངས་དང་སྡུར་ན་འགུལ་ཚད་མཐོ་ཞིང་གོམ་སྟབས་མགྱོགས་པོ་ཡིན་པ་དང་། དེ་དང་མཉམ་དུ་སྲོལ་རྒྱུན་དམངས་ཁྲོད་ཞབས་བྲོའི་རྣམ་པ་ཉར་འཇོག་བྱས་ཡོད་པས་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་གཏིང་ཟབ་པའི་རྨ་སྟོད་ཀྱི་གེ་སར་རིག་གནས་དང་མི་རིགས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གཟི་ཉམས་ཡོངས་སུ་མངོན་པས་ཡུལ་དངོས་ལྟད་མོ་པ་དང་ཞལ་འདེམས་ཆེད་མཁས་པས་གཅིག་གྱུར་གྱིས་གདེང་འཇོག་ཆེན་པོ་ཐོབ་པ་རེད།