གསར་འགོད་པས་ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་གིས་མཚོ་སྔོན་ལྷོ་ཕྱོགས་ཀྱི་སྨན་བཅོས་བྱ་བར་ཁ་གཏད་རོགས་སྐྱོར་བྱེད་པའི་སྐུལ་སློང་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་གིས་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་སྨན་བཅོས་བྱ་བར་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་སྤེལ་མགོ་བརྩམས། ཐེངས་འདིའི་ཁ་གཏད་རོགས་སྐྱོར་བྱ་བས་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་སྨན་བཅོས་བྱ་བར་རོགས་སྐྱོར་གཏིང་ཟབ་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ནུས་ཡོད་སྒོས་མཐོར་འདེགས་གཏོང་བ་དང་། རིགས་སོ་སོའི་མི་དམངས་ཀྱི་ཉིན་རེར་འཕར་བཞིན་པའི་བདེ་ཐང་གི་དགོས་མཁོ་བསྐོང་ཐུབ།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱ་བ་བདེ་བླག་ངང་སྤེལ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་གཞུང་བཙུགས་སྨན་ཁང་གིས་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་སྨན་བཅོས་བྱ་བར་ཁ་གཏད་རོགས་སྐྱོར་བྱེད་པའི་ལག་བསྟར་ཇུས་གཞིའི་ཚོད་ལྟའི་ལག་ལེན་ཞེས་པ་གཏན་ཁེལ་བྱས་ཏེ། ཁ་གཏད་རོགས་སྐྱོར་རྣམ་པ་བརྒྱུད་དེ་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཁྲོད་གནས་པའི་དཀའ་གནད་དང་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། ཆུ་ཚད་མཐོ་བའི་གཞི་རིམ་ཆེད་ལས་ལག་རྩལ་མི་སྣ་དང་སྨན་ཁང་དོ་དམ་ཤེས་ལྡན་མི་སྣ་སྐོར་ཞིག་གསོ་སྐྱོང་བྱེད་པ། རོགས་སྐྱོར་བྱེད་ཡུལ་གྱི་སྨན་ཁང་གི་རྒྱུན་མཐོང་ནད་དང་བྲེལ་བའི་རང་བཞིན་གྱི་ནད་རིགས་ཀྱི་ངོས་འཛིན་ནུས་པ་མཐོར་འདེགས་གཏོང་བ། རོགས་སྐྱོར་བྱེད་ཡུལ་གྱི་སྨན་ཁང་གི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བ་སོགས་བྱེད་དགོས་པའི་རེ་བཏོན་ཡོད།