ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ནས་ཉེར་གསུམ་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི་ན་གཞོན་གསར་གཏོད་ལས་སྐྲུན་འགྲན་སྡུར་གྱི་མཇུག་མཐའི་རྟིང་རྩོད་དེ་མཚོ་སྔོན་སློབ་ཆེན་ནས་སྤེལ། ཐེངས་འདིའི་འགྲན་སྡུར་ནི་ཞིང་ཆེན་ཡོངས་ཀྱི་ཁུལ་དྲུག་དང་གྲོང་ཁྱེར་གཉིས་ཀྱི་ན་གཞོན་ལ་ཁ་གཏད་ནས་སྤེལ་བ་ཞིག་རེད། ཉིན་གཉིས་ཀྱི་ཛ་དྲག་འགྲན་རིམ་བརྒྱུད་བྱ་དགའ་ཨང་དང་པོ་དགུ་དང་ཨང་གཉིས་པ་བཅུ་བདུན། ཨང་གསུམ་པ་ཉེར་བཞི་དང་ཕུལ་བྱུང་བྱ་དགའ་ཐོབ་མཁན་ཞེ་གསུམ་བཅས་བྱུང་།
རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། འགྲན་སྡུར་ཁྲོད་ཀྱི་རྣམ་གྲངས་བརྒྱ་དང་གྱ་བཞི་མཇུག་མཐའི་རྟིང་རྩོད་འགྲན་སྡུར་དུ་ཚུད་པ་དང་། ལས་རིགས་གསར་གཏོད་རྣམ་གྲངས་དང་ཚན་རྩལ་ཐོན་རྫས་ཀྱི་རྣམ་གྲངས། རང་བྱུང་ཚན་རིག་རིགས་ཀྱི་རྣམ་གྲངས། རིག་གཞུང་ཆེད་རྩོམ་རིགས་ཀྱི་རྣམ་གྲངས་སོགས་ཡོད་པས་ནང་དོན་ཕུན་སུམ་ཚོགས་ཤིང་ཁྱབ་རྒྱ་ཧ་ཅང་ཆེ། འགྲན་ཞུགས་རྣམ་གྲངས་དངོས་འབེབས་དོན་འཁྱོལ་ཡོང་ཆེད་འགྲན་སྡུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ཧུར་ཐག་འབྲེལ་མཐུད་དང་ལས་རིགས་གསར་གཏོད་མ་དངུལ་གཏོང་བའི་ཚོགས་འདུ་ཚོགས་པ་དང་རྣམ་གྲངས་བཅུ་ལ་མ་དངུལ་གཏོང་རྒྱུའི་གྲོས་འཆམ་བྱུང་། འགྲན་སྡུར་གྱི་དམིགས་ཡུལ་ནི་སྐྱེ་ཁམས་དཔལ་ཡོན་ཐོན་ལས་གསར་གཏོད་ཀྱི་རྣམ་གྲངས་སྔོག་འདོན་དང་མཚོ་སྔོན་ཞིང་ཆེན་ན་གཞོན་གྱི་གསར་གཏོད་འདུ་ཤེས་ལྗང་མདོག་ཅན་དང་། ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ལྗང་མདོག་ཅན་དང་ཚན་རྩལ་འདུ་ཤེས་ལྗང་མདོག་ཅན་བཅས་ལ་སྐུལ་སློང་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་ལས་རིགས་གསར་གཏོད་ཀྱི་བྱ་བ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་སྒུལ་ཤུགས་སྐྲུན་རྒྱུ་དེ་རེད།