ཟླ12པའི་ཚེས29ཉིན་གྱི་སྔ་དྲོར།《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》སྤེལ་ནས་ལོ་འཁོར35ལོན་པ་དང་། བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར40ལོན་པའི་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་གྱི་དེབ་ཕྲེང་འགྲེམ་སྤེལ་མཛད་སྒོ་ཟི་ལིང་ནས་བསྡུས།
ཐེངས་འདིའི་མཛད་སྒོར་མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཀའོ་ཅན་ཆིང་གིས་འགོ་འཛིན་མཛད་པ་དང་། མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཁྲིན་ཆི་ཡུས་ཀྱིས་ཤིས་ཚིག་ཕུལ། མཚོ་སྔོན་ཞིང་ཆེན་ཉིན་རེའི་ཚགས་པར་ཁང་གི་ཧྲེ་ཀྲང་ཧུའུ་ཝེ་ཀྲུང་དང་། མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་དཔའ་ཕྱུག མཚོ་སྔོན་ཞིང་ཆེན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཚེ་མགོན་དང་ལིས་ཞོ་མེན། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་པདྨ་དབང་རྒྱལ་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དང་། མཚོ་སྔོན་བོད་ཡིག་ཚགས་པར་ཁང་། ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་རླུང་འཕྲིན།མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀྲུང་གོ་བོད་ཀྱི་དྲ་བ། མཚོ་སྔོན་སྲིད་གཞུང་དྲ་བ་སོགས་སྨྱད་བྱད་ལས་ཁུངས་ཀྱི་འཐུས་མི་དང་གསར་འགོད་པ་སོགས་བསྡོམས་པའི་མི་ཉིས་བརྒྱ་ལྷག་ཐེངས་འདིའི་མཛད་སྒོའི་སྟེང་ཞུགས།
《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》ནི། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཁྲིམས་འཛིན་ཐིན་གཉིས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། 1983ལོར་གསར་སྤེལ་གནང་སྟེ། རྒྱལ་ཡོངས་སུ་བོད་ཡིག་གིས་སྤེལ་བའི་ཁྲིམས་ལུགས་ཚགས་པར་ཆེས་ཐོག་མ་ཡིན་པས། བོད་ཁུལ་གྱི་ཁྲིམས་སྤེལ་བྱ་གཞག་ལ་མེད་དུ་མི་རུང་བའི་ཁྲིམས་སྒྲོག་རྒྱུ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། ཁྱབ་རྒྱའང་མཚོ་སྔོན་ལས་ཆེས་ཆེར་བརྒལ་ཏེ་བོད་རང་སྐྱོང་ལྗོངས་དང་སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ལ་འགྲེམ་སྤེལ་བྱེད་ཀྱིན་ཡོད། ཚགས་པར་འདི་ནི་དོན་དམ་གྱིས་རྒྱ་ཆེ་བའི་བོད་རིགས་ལས་བྱེད་པ་དང་རོང་འབྲོག་མང་ཚོགས་ཀྱིས་ཐད་ཀར་དུ་བཅའ་ཁྲིམས་ཤེས་བྱ་སྡུད་ལེན་དང་སློབ་གཉེར། བཀོལ་སྤྱོད་བཅས་བྱེད་པའི་གོ་བདེའི་ཀློག་དེབ་ཅིག་ཏུའང་གྱུར་ཡོད་ལ། རྒྱ་ཆེའི་ཀློག་མཁན་གྱི་འདོད་བློ་ཡང་ཕལ་ཆེར་ལེགས་པོར་སྐོང་ཐུབ་པ་བྱུང་ཞིང་། རྩོམ་པ་པོ་དང་གསར་འགོད་པ་མང་པོ་ཞིག་ཀྱང་བསྐྱེད་སྲིང་བྱས་དང་བྱེད་བཞིན་ཡོད་པས། བོད་ཁུལ་གྱི་ཁྲིམས་ལུགས་འཛུགས་སྐྲུན་དང་སྤྱི་ཚོགས་བརྟན་འཇགས། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་བཅས་ཀྱི་ཕྱོགས་ལ། དུས་དེབ་དང་ཚགས་པར་གཞན་གྱིས་ཚབ་མཚོན་བྱེད་མི་ཐུབ་པའི་ཆེད་ལས་རང་བཞིན་གྱི་ནུས་པ་ལྡན་ཞིང་བྱས་རྗེས་མི་དམན་པ་ཡོད་དོ།
མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རིན་བུན་ཁྲང་རྒྱལ་གྱིས་བཤད་རྒྱུར། 《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》རྒྱལ་ཡོངས་ཁྲིམས་སྐྱོང་རིགས་ཀྱི་བོད་ཡིག་ཚགས་པར་ཁོ་ན་ཡིན་པ་ལས། གནས་བབ་གསར་པའི་མི་རིགས་ས་ཁུལ་གྱི་ཁྲིམས་ལུགས་ཞབས་ཞུའི་ལས་དོན་ལ་དམ་པོར་དམིགས་ཏེ། བོད་ཁུལ་གྱི་གཞོན་ནུའི་ཁྲིམས་ལུགས་སློབ་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མུ་མཐུད་དུ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཁྲིམས་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན། ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་།སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་ཀྱི་འཕེལ་རིམ་ནང་འོས་བབ་ཀྱི་ནུས་པ་འདོན་པ་དེ་དམིགས་སུ་བཟུང་ནས། ཁྲིམས་སྐྱོང་གསར་འགྱུར་ཁྱབ་སྤེལ་དང་།བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་དུ་བཏང་བར་མ་ཟད། ཞིང་ཆེན་སྲིད་ཁྲིམས་ལས་དོན་དང་།སྤྱི་ཚོགས་བདེ་སྲུང་ཕྱོགས་བསྡུས་བཅོས་སྐྱོང་སྐུལ་འདེད་ཀྱི་ཐད་ལ་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད་ཅེས་བཤད།
ཐེངས་འདིའི་མཛད་སྒོར་ཕེབས་པའི་འབྲེལ་ཡོད་འགོ་ཁྲིད།
མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཁྲིན་ཆིས་ཡུས་ཀྱིས་ཤིས་ཚིག་འབུལ་བཞིན་པ།
མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རིན་བུན་ཁྲང་རྒྱལ་གྱིས་《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》གྱི་བློ་འདོན་པ་གདན་ཞུའི་གཏན་འབེབས་དང་། གཟེངས་སྟེགས་ཐོབ་པའི་ཕུལ་བྱུང་གསར་འགོད་པའི་མིང་བྱང་སྒྲོག་པ།
《མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར》གྱི་ཕྱོགས་སོ་སོའི་ཕུལ་བྱུང་གསར་འགོད་པ།
ཚོགས་རའི་ཡུལ་དངོས།
གསར་འགོད་པ། ཚེ་མ།