སྤྱི་ཟླ་དང་པོའི་ཚེས་ལྔ་ཉིན། ཚོ་ཤོག་གསར་བའི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གླེང་སྟེགས་སྐབས་གསུམ་པ་དེ་ཟི་ལིང་དུ་བསྡུས་པ་དང་། གླེང་སྟེགས་ཀྱི་སྟེང་དུ་ཕྱོགས་སོ་སོ་ནས་ཕེབས་པའི་བོད་ཀྱི་ཁེ་ལས་པ་དང་ཞིབ་འཇུག་པ། སློབ་གསོ་བ། ན་གཞོན་ལས་སྐྲུན་པ་སོགས་མི་གྲངས་ལྔ་བརྒྱར་ཉེ་བ་ཞུགས་ཡོད་ཅིང་། ཐེངས་འདིའི་གླེང་སྟེགས་ལ་མཚོན་ནའང་སྔོན་མ་ནང་བཞིན་བོད་ཀྱི་ཁེ་ལས་གཉེར་མཁན་རྣམས་ལ་བསམ་བློ་དང་ཉམས་མྱོང་བརྗེ་རེས་བྱེད་སའི་སྟེགས་བུ་གལ་ཆེན་ཞིག་བསྐྲུན་པ་མ་ཟད། ཚོ་ཤོག་གསར་བས་ལོ་འདི་གའི་རིང་ལ་སྤྱི་ཚོགས་ཀྱི་གྲུ་ག་སོ་སོ་ནས་རང་ནུས་ཅི་ལྕོགས་ཀྱིས་ཞབས་ཞུ་དང་། བོད་ཀྱི་ན་གཞོན་མང་པོར་ཚོང་གཉེར་དང་ལས་རིགས་གསར་སྐྲུན་གྱི་ཕྱོགས་སུ་བསྐྱོད་པར་རོགས་འདེགས་གང་ལེགས་གནང་བ་སོགས་ལ་སྤྱི་བསྡོམས་ལེགས་པོ་ཞིག་བྱས་པ་དང་། དེ་མིན་ཚོང་ལས་ཀྱི་མ་འོངས་པའི་ཁ་ཕྱོགས་དང་འཕེལ་རྒྱས་ལའང་བགྲོ་གླེང་གང་ལེགས་བྱས།
ཚོ་ཤོག་གསར་བ་བཙུགས་ནས་ལོ་ངོ་བཞིའི་རིང་ལ། སྔ་གཞུག་ཏུ་ཚོ་ཤོག་གསར་བའི་མཚོ་བསྐོར་ལྕགས་རྟའི་འགྲུལ་བཞུད་དང་། བོད་ཀྱི་རྒྱན་གོས་རིག་གནས་བགྲོ་གླེང་། བོད་ཀྱི་ན་གཞོན་ལས་གཏོད་པའི་དབུ་ཁྲིད་ཚོགས་འདུ། ཚོ་ཤོག་གསར་བའི་ལོ་སར་བཞུགས་མོལ་ཚོགས་འདུ། རེབ་གོང་བོད་ཀྱི་ན་གཞོན་ལས་གཏོད་པའི་ཉམས་མྱོང་བརྗེ་རེས་ཚོགས་འདུ། བོད་ཀྱི་ཁེ་ལས་ལྟ་སྐོར་ཚོགས་པ། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་དཔྱད་རྩོམ་འགྲན་སྡུར། བོད་ཀྱི་ཁེ་ལས་ཆུང་འབྲིང་གི་ནུས་ཤུགས་འཛུགས་སྐྲུན་གྱི་གསོ་སྦྱོང་། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གླེང་སྟེགས་སོགས་མུ་འབྲེལ་བྱ་འགུལ་རབས་དང་རིམ་པ་མང་དུ་སྤེལ་བ་བརྒྱུད་དེ། བོད་ཀྱི་ན་གཞོན༥༠༠༠ལྷག་གི་ཐུགས་ཁུར་དང་རྒྱབ་སྐྱོར་ཐོབ་པ་དང་། བོད་ཁམས་ཀྱི་ཚོང་ལས་ཀྱི་མདུན་ལྗོངས་དང་ལམ་ཕྱོགས་ལ་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།
ཚོ་ཤོག་གསར་བའི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གླེང་སྟེགས་འདིས་མ་འོངས་པར་བོད་ཀྱི་སྤྱི་ཚོགས་ལས་རིགས་ཁག་གི་ན་གཞོན་མང་པོར་སྤྱི་ཚོགས་ཞབས་ཞུའི་ཁྲོད་དུ་ཟབ་ཞུགས་བྱེད་པ་དང་། ལས་རིགས་གསར་སྐྲུན་གྱི་ཕྱོགས་སུ་བསྐྱོད་པར་སྣེ་ཁྲིད་དང་རོགས་འདེགས་བྱེད་པར་ནུས་པ་མི་དམན་པ་ཐོན་ངེས་ལ། དེ་མིན་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཚོང་ལས་ཀྱི་ལམ་ཁ་སྔར་ལས་ཇེ་ཡངས་སུ་གཏོང་བ་ལའང་ནུས་ཤུགས་གང་ཡོད་ཐོན་ངེས་རེད།
ཕྱོགས་སོ་སོ་ནས་ཕེབས་པའི་སྐུ་མགོྲན་ལྷན་རྒྱས།
མདོ་འཛིན་པ།
ཚོ་ཤོག་གསར་བའི་ཟོང་རྟགས་གསར་འབྱེད་པ་རྡོ་རྗེ་འབུམ་གྱིས་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།
ཁེ་ལས་པ་གྲགས་ཅན་རིན་ཆེན་ཟླ་བས་གཏམ་བཤད་གནང་བཞིན་པ།
ཁེ་ལས་པ་གྲགས་ཅན་གྲགས་པ་སྐལ་ལྡན་གྱིས་གཏམ་བཤད་གནང་བཞིན་པ།
སློབ་གསོ་བ་གྲགས་ཅན་ས་ཡུལ་ཁྲོ་བོ་རྒྱལ་མཚན་གྱིས་གཏམ་བཤད་གནང་བཞིན་པ།
ན་གཞོན་ལས་སྐྲུན་པས་རང་གི་བསམ་ཚུལ་བརྗོད་བཞིན་པ།
ན་གཞོན་ལས་སྐྲུན་པས་རང་གི་བསམ་ཚུལ་བརྗོད་བཞིན་པ།
དྲི་བ་འདོན་བཞིན་པའི་ཚུལ།
དྲི་བ་འདོན་པའི་རྣམ་པ།
ཐོན་རྫས་འགྲེམ་སྟོན།
ཕུལ་བྱུང་ན་གཞོན་ལས་གཏོད་པ་འདེམས་ཐོན་བྱ་འགུལ་གྱི་མགོ་རྩོམ་མཛད་སྒོ།
ཚོགས་རའི་ཡུལ་དངོས།
གསར་འགོད་པ། ཐུབ་བསྟན། ཐུབ་བསྟན་རྡོ་རྗེ། ཀླུ་རྒྱལ།