གསར་འགོད་པས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། བཞི་ལྡན་གྱི་དགེ་རྒན་བཟང་བོ་བྱེད་པར་བརྩོན་ལེན་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཚོས་རིན་ལེན་ཟུར་ཁྲིད་མི་བྱེད་པའི་ཡོངས་བསྒྲགས་དམ་བཅའ་ཡི་གེ་བྲིས།
མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཡོད་ཚད་ཀྱིས་ཞིང་ཆེན་སློབ་གསོ་ཐིན་གྱིས་གཅིག་གྱུར་གཏན་འབེབས་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཚོས་རིན་ལེན་ཟུར་ཁྲིད་མི་བྱེད་པར་ཁས་ལེན་པའི་ཡོངས་བསྒྲགས་དམ་བཅའ་ཡི་གེ་བྲིས་པ་དང་། དེའི་ཁྲོད་བྱིས་གཉོར་ཁང་དང་དམིགས་བསལ་སློབ་གསོ་སྡེ་ཁག སྤྱིར་བཏང་གི་སློབ་གྲྭ་ཆུང་འབྲིང་། འབྲིང་རིམ་ལས་རིགས་སློབ་གྲྭ དམངས་གཉེར་སློབ་གྲྭ ན་གཞོན་ཕོ་བྲང་དང་ས་གནས་སློབ་དཔྱོད་ཁང་། གློག་སྒྱུར་སློབ་གསོ་སོགས་ལས་ཁུངས་ཀྱི་དགེ་རྒན་འདུ་ལ། དམ་བཅའ་ཡི་གེ་གཉིས་བྲིས་པ་དང་། གཅིག་དགེ་རྒན་རང་ཉིད་གྱི་འཛིན་པ་དང་གཅིག་སློབ་གྲྭའི་ཡིག་ཚགས་ཁྲོད་བཞག དེ་དང་མཉམ་དུ། ཁྱིམ་བདག་ལ་ཞུ་བའི་ཡི་གེ་སོགས་ཀྱི་རྣམ་པ་བརྒྱུད་དེ་ཁྱིམ་བདག་ཚོར་ཤེས་སུ་བཅུག་སྟེ། ཁྱིམ་ཚང་གི་རྒྱུས་ལོན་དང་རྒྱབ་སྐྱོར་བརྩོན་ལེན་བྱས།
དགེ་རྒན་ཚོས་དམ་བཅའ་ཡི་གེ་བྲིས་རྗེས། རང་བཤེར་དང་རང་སྐྱོན་ཡོ་བསྲང་བྱས་ནས། རིན་ལེན་པའི་ཟུར་ཁྲིད་བྱ་འགུལ་ཡོད་ཚད་ལ་གཏན་འགོག་བྱེད་དགོས། 2019ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་། ཤེས་བཞིན་དུ་ཟུར་ཁྲིད་བྱེད་པ་དང་ཤེས་བཞིན་དུ་ཁྲིམས་འགལ་ལུགས་འགལ་བྱེད་པའི་མི་སྣའི་བྱ་བའི་ལས་མཚམས་འཇོག་པ་དང་། ཞིབ་བཤེར་བྱས་རྗེས་ཐག་གཅོད་ནན་མོ་བྱེད་རྒྱུ་རེད། དགེ་རྒན་གྱི་ཀུན་སྤྱོད་མི་ལེགས་པ་དང་དམ་བཅའ་བརྩི་སྲུང་མི་བྱེད་པར་དམིགས་ནས། འབྲེལ་ཡོད་ཀྱི་ཐག་གཅོད་གཏན་ཁེལ་ལྟར་ཐག་གཅོད་ནན་མོ་བྱེད་པ་དང་། ཐ་ན་དགེ་རྒན་གྱི་ཐོབ་ཐང་མེད་པར་བཟོ་བ་དང་ལས་གནས་ཕྱིར་སློག་བྱེད་རྒྱུ་ཡིན་པ་དང་། ཏང་ཡོན་ཡིན་ན། ཏང་གི་སྒྲིག་ཁྲིམས་ཐོག་གི་ཆད་་པ་གཅོད་རྒྱུ་ཡིན་པ་མ་ཟད། གྲོང་ཁྱེར་དང་ཁུལ་སོ་སོའི་སློབ་གསོ་ཅུའུ་ཡིས་དུས་ཐོག་ཏུ་ཞིང་ཆེན་སློབ་གསོ་ཐིན་ལ་ཡར་ཞུ་བྱེད་རྒྱུ་རེད།
ས་ཆ་སོ་སོའི་སློབ་གསོ་སྡེ་ཁག་དང་སློབ་གྲྭས་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྲུན་དེ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱ་བ་གལ་ཆེན་དུ་བརྩིས་ནས་། ཡོངས་བསྒྲགས་དམ་བཅའ་འཇོག་པའི་ཐད་ནས་སློབ་གྲྭ་གཅིག་ཀྱང་མི་བསྐྱུར་བ་དང་མི་གཅིག་ཀྱང་མི་ལུས་པར་བྱེད་རྒྱུ་རེད།
ས་ཆ་སོ་སོ་དང་སློབ་གྲྭ་སོ་སོས་ཞུ་གཏུག་ལམ་བུ་འཛུགས་པ་དང་། ཞུ་གཏུག་ཁ་པར་དང་འཕྲིན་སྒམ་ཡོངས་བསྒྲགས་བྱས་ཏེ། རང་རྟོགས་སྒོས་ཕྱོགས་སོ་སོའི་ལྟ་སྐུལ་དང་ལེན་བྱེད་པ་དང་། རིན་ལེན་ཟུར་ཁྲིད་ཐད་བཅོས་སྐྱོང་བྱེད་ཚད་མི་འདང་བ་དང་ཁྲིམས་འགལ་ཐག་གཅོད་ཀྱི་མཇུག་འབྲས་ཡར་ཞུ་མི་བྱེད་པའི་སློབ་གྲྭ་དང་སློབ་གསོ་སྡེ་ཁག་ཡོད་ན། སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ་དང་ཧྲུའུ་ཅི། སློབ་གསོ་སྡེ་ཁག་གི་འགན་ཁུར་མི་སྣ་གཙོ་བོའི་འགན་འཁྲི་རྩད་གཅོད་བྱེད་རྒྱུ་རེད།