ངང་རུང་མཁན་ཆེན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་རྣམ་ཐར་དབུ་འབྱེད་མཛད་སྒོ་དང་འབྲེལ་བའི་བོད་ལུགས་གསོ་རིག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས།
2019.01.20 ཁུངས། ཀློག་གྲངས། 3190

ཟླ1པོའི་ཚེས20ཉིན། རྨ་ལྷོ་ཁུལ་གཅན་ཚ་རྫོང་བོད་ལུགས་སྨན་ཁང་གིས་གཙོ་སྒྲུབ་བྱས་ཤིང་།  མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱིས་རོགས་སྒྲུབ་གནང་བའི་ངང་རུང་མཁན་ཆེན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་རྣམ་ཐར་དབུ་འབྱེད་མཛད་སྒོ་དང་འབྲེལ་བའི་བོད་ལུགས་གསོ་རིག་གི་རིག་གཞུང་བགྲོ་གླེང་ཚོགས་འདུ་གནའ་མཁར་ཟི་ལིང་དུ་བསྡུས་ཤིང་།  ས་གནས་སོ་སོ་ནས་ཡོང་བའི་འབྲེལ་ཡོད་འགོ་ཁྲིད་དང་བོད་ལུགས་གསོ་རིག་ཆེད་མཁས་པ། ཞིབ་འཇུག་སློབ་མ། ཁེ་ལས་པ། མང་ཚོགས་སོགས་མི་སྣ་བརྒྱ་ཕྲག་ཙམ་ཚོགས་འདུར་མཉམ་ཞུགས་བྱས།

ཐེངས་འདིའི་ཚོགས་འདུ་ཡིས།  རྩེར་སོན་དང་རྒྱུད་འཛིན། གསར་སྐྲུན།  རིག་གཞུང་བསམ་བློ།  ནད་ཐོག་ཉམས་མྱོང་སོགས་བརྗོད་དོན་དུ་བཟུང་ནས།  ངང་རུང་མཁན་ཆེན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་སྐུ་གཤེགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་རྗེས་དྲན་དུ་ཁོང་གི་རྣམ་ཐར་སྲོང་བོར་བརྗོད་པ《བདེ་ལེགས་ཟླ་བའི་འོད་སྣང》ཞེས་པའི་དཔེ་དེབ་དབུ་འབྱེད་བྱས་པར་མ་ཟད། ཁོང་གི་སྐུ་ཚེ་ཧྲིལ་བོའི་མཛད་འཕྲིན་གྱི་རིམ་པ་དང་།  ནད་ཐོག་བརྟག་བཅོས་ཀྱི་ཉམས་མྱོང་།  གསོ་རིག་རིག་གཞུང་གི་བསམ་བློ་བཅས་ཀྱི་ཐད་ནས་བགྲོ་གླེང་གནང་།

ངང་རུང་མཁན་ཆེན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ནི1903ལོར་མདོ་སྨད་གཅན་ཚ་རུ་འཁྲུངས་པ་དང་། ཆུང་ངུའི་དུས་ནས་བཟུང་དགེ་བའི་བཤེས་གཉེན་མང་དུ་བསྟེན་ནས་རིག་པའི་གནས་བཅུ་ལ་སྦྱང་བརྩོན་བྱས་ཤིང་།  དགུང་ལོ་ཉེར་དགུ་ནས་བཟུང་གསོ་རིག་གཙོས་པའི་རིག་གནས་མཐའ་དག་ལ་མཁྱེན་རྒྱ་ཡངས་པའི་གསོ་བྱེད་སྨན་གྱི་སློབ་དཔོན་ཆེན་མོ་འཇུ་འོད་ཟེར་རྒྱ་མཚོ་ཚང་བསྟེན་ནས།  གསོ་བ་རིག་པའི་གཞུང་ལུགས་ཆ་ལག་དང་བཅས་པར་རྣམ་ཐག་ཞིབ་མོས་སྦྱང་བརྩོན་ལྷོད་མེད་གནང་བས།  མདོ་སྨད་གསོ་རིག་གི་དེད་དཔོན་ལྟ་བུར་གྱུར་ཡོད།

ངང་རུང་མཁན་ཆེན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་རྣམ་ཐར་སྲོང་བོར་བརྗོད་པ་བདེ་ལེགས་ཟླ་བའི་འོད་སྣང་ཞེས་བྱ་བ།

ཚོགས་འདུའི་སྟེང་ཕེབས་པའི་འབྲེལ་ཡོད་མི་སྣ།

ཚོགས་འདུའི་སྟེང་ཕེབས་པའི་འབྲེལ་ཡོད་མི་སྣ།

ཚོགས་འདུའི་སྟེང་ཕེབས་པའི་འབྲེལ་ཡོད་མི་སྣ།

ངང་རུང་མཁན་ཆེན་གྱི་དངོས་སློབ་ཀོའུ་བ་བཤད་སྒྲུབ་དར་རྒྱས་གླིང་གི་དགོན་བདག་བླ་མ་ཀོའུ་བ་སྐུ་ཕྲེང་བཅུ་གཉིས་པ་བློ་བཟང་ཐུབ་བསྟན་དབང་ཕྱུག་དང་།  ངང་རུང་མཁན་ཆེན་གྱི་སྐུ་ཚ་གསང་སྒྲོག་བཤད་སྒྲུབ་འཕེལ་རྒྱས་གླིང་གི་དགོན་བདག་བླ་མ་གསང་སྒྲོག་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་གཉིས་ཀྱིས་དར་མཚོན་བཅད་ནས་རྣམ་ཐར་དཔེ་དེབ་དབུ་འབྱེད་གནང་བཞིན་པ། 

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་མཚན་འཛིན་ཡོན་ཀྲང་རྒྱ་ཡེ་བློ་བཟང་ཉི་མ་ཡིས་ཤིས་ཚིག་འབུལ་བཞིན་པ།

རྣམ་ཐར་དཔེ་དེབ་ཀྱི་རྩོམ་སྒྲིག་པ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རྨེ་རུ་ཡུལ་ལྷ་ཐར་གྱིས་གཏམ་བཤད་གནང་བཞིན་པ།

ཚོགས་རའི་ཡུལ་དངོས།

རྣམ་ཐར་དཔེ་དེབ་གཟིགས་འབུལ་བྱེད་བཞིན་པ།

ཚོགས་ཞུགས་མི་སྣའི་མཉམ་པར།

གསར་འགོད་པ།   ལྕགས་ཐར་ཚེ་རིང་།  ཐུབ་བསྟན་རྡོ་རྗེ།