མཚོ་སྔོན་ཞིང་ཆེན་གྱིས་རྣམ་པ་གསར་བའི་ཞིང་བའི་ལས་རིགས་གསར་གཏོད་འགྲན་སྡུར་ཐེངས་དང་པོ་སྤེལ།
2019.01.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 87

ཟླ་དང་པོའི་ཚེས་ཉེར་ལྔ་ཉིན།  མཚོ་སྔོན་ཞིང་ཆེན་གྱིས་རྣམ་པ་གསར་བའི་ཞིང་བའི་ལས་རིགས་གསར་གཏོད་འགྲན་སྡུར་ཐེངས་དང་པོ་ཟི་ལིང་ནས་སྤེལ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་ནས་ཐོན་པའི་འགྲན་ཞུགས་པ་བཅུ་གཅིག་གིས་རིམ་པ་བཞིན་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་བླངས་བ་རེད།

མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཆ་འཕྲིན་ཞིབ་འཇུག་སའོ་ཡི་སའོ་ཀྲང་ཧུའུ་ཡོང་ཆིང་གིས་གསར་འགོད་པར་བཤད་རྒྱུར།  ཐེངས་འདིའི་འགྲན་སྡུར་གྱིས་ཞིང་ལས་དར་སྤེལ་འཐབ་ཇུས་ལ་སྐུལ་འདེད་དང་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་བྱེད་པ།  ཞིང་འབྲོག་མང་ཚོགས་ཀྱིས་ལས་རིགས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འཇོན་མིའི་ནང་རྐྱེན་བཙུགས་ནས་ཞིང་ལས་ལ་དགའ་བ་དང་ལག་རྩལ་ལ་བྱང་ཆ་ཡོད་པ།  ལས་གཉེར་ལ་མཁས་པའི་རྣམ་པ་གསར་བའི་ལས་རིགས་ཀྱི་ཞིང་འབྲོག་དཔུང་སྡེ་ཞིག་གསོ་སྐྱོང་བྱེད་དགོས་ཟེར།