ཟླ་དང་པོའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས། གྲོས་ཚོགས་ལས་རྣམ་པ་གསར་བ་དང་ལས་འགན་གསར་བ། འགན་ནུས་གསར་བ་བཅས་ལ་རྐང་བཙུགས་པ་དང་ཞིང་སྡེ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པར་དམིགས་ནས། ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བར་སྤྱི་སྡོམ་དང་ཉིས་སྟོང་བཅུ་དགུ་ལོའི་ལས་འགན་གལ་ཆེན་ལ་བཀོད་སྒྲིག་བྱས་པ་དང་། བྱས་རྗེས་གསར་བ་བཞག་ནས་ཞིང་སྡེ་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པར་བླང་བྱ་བཏོན།
ཉིས་སྟོང་བཅོ་བརྒྱད་ལོར། མཚོ་སྔོན་ཞིང་ཆེན་གྱིས་ཞིང་སྡེ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་གཙོར་བཟུང་ནས། ལྔ་བཞིའི་འཐབ་ཇུས་ལག་བསྟར་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་བྱས། ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་སྤྱིའི་རྣམ་པ་བརྟན་བརླིང་ཡིན་པ་དང་འདེབས་འཛུགས་ལས་རིགས་བརྟན་འཇགས་ཡིན་ལ། ཞིང་ཕྱུགས་ལས་རིགས་ལྗང་མདོག་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་ཐོན་ལས་དང་པོའི་འཕར་ཐང་དང་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམ་ཡོང་འབབ་གཉིས་ཀ་འཕར་སྣོན་བྱུང་ནས་ཞིང་སྡེ་དར་རྒྱས་ཀྱི་སྒོ་ཆེན་ཡངས་པོར་ཕྱེས་ཡོད་ཟེར།
ད་ལོར་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕྱུགས་ལས་རིགས་དམིགས་འབེན་གཙོ་བོར་བཟུང་ནས། ཐོན་ལས་དང་པོའི་འཕར་ཐང་བརྒྱ་ཆའི་བཞི་དང་གྲངས་ཆུང་ལྔའི་ཡན་ལ་འཕར་བ་མངོན་འགྱུར་འབྱུང་བར་བརྩོན་ལེན་བྱེད་པ་དང་། གྲོང་གསེབ་སྡོད་དམངས་མི་རེའི་ཆ་སྙོམ་ཡོང་འབབ་བརྒྱ་ཆའི་བརྒྱད་ཡན་གྱི་འཕར་སྣོན་འབྱུང་བར་བརྩོན་ལེན་བྱེད་དགོས། ལས་འགན་གཙོ་བོ་ནི་སྡོད་དམངས་ཁོར་ཡུག་བཅོས་སྐྱོང་དང་། ཐོན་ལས་དབུལ་སྐྱོར། དྲོད་ཁང་བཅོས་སྐྱོང་སོགས་ཀྱི་ལས་འགན་ལྕི་མོ་དང་ལྗང་མདོག་འཕེལ་རྒྱས། ལུད་རྫས་ནང་ཞིང་སྨན་འདྲེས་ཚད་ཉུང་བཀོལ་བྱེད་པ། ཁུངས་འདེད་ཆོག་པའི་མ་ལག་འཛུགས་སྐྲུན་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བཅས་ཀྱི་ཕྱོགས་ནས་གྲུབ་འབྲས་གསར་བ་ལེན་དགོས་ཟེར།