གསར་འགོད་པས་ཉེ་སྔོན་བསྡུས་པའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་བྱ་བའི་གྲོས་ཚོགས་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་གི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་རང་གི་དོན་དངོས་གནས་ཚུལ་ལ་རྐང་བཙུགས་ཏེ། ནོར་སྲིད་འགན་འཁྲིའི་ནུས་པ་འདོན་སྤེལ་བྱས་ཏེ། མཁྲེགས་གཏོར་ཆེན་མོ་གསུམ་ལ་རྒྱབ་སྐྱོར་བྱས་པས། ཉེན་ཁའི་འགོག་སྲུང་དང་དབུལ་ཐར་མཁྲེགས་གཏོར། སྦགས་བཙོག་བཅོས་སྐྱོང་བཅས་ཀྱི་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།
དབུལ་ཕོངས་མཁྲེགས་གཏོར་ལ་སྐུལ་འདེད་ཆེན་པོ་བཏང་། མུ་མཐུད་དུ་ནོར་སྲིད་དབུལ་སྐྱོར་མ་དངུལ་གྱི་གཏོང་ཚད་ཇེ་ཆེར་བཏང་བ་དང་། ཆེད་སྤྱོད་དབུལ་སྐྱོར་མ་དངུལ་ཐེར་འབུམ་དྲུག་དང་དུང་ཕྱུར་གསུམ་བྱེ་བ་དགུ་བྱིན། དུས་མཉམ་ལས་བརྒྱ་ཆའི་རེ་དགུ་དང་གྲངས་ཆུང་དྲུག་འཕར་ཡོད། གཙོ་བོ་ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་ལ་དམིགས་ཡོད་ཅིང་། ཐོན་ལས་དབུལ་སྐྱོར་དང་གནས་སྤོར། ཞིང་སྡེའི་དར་སྤེལ་ཚོད་ལྟ། ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་ཁྱད་སྟོབས་ཐོན་ལས་ཀྱི་འཕེལ་རྒྱས་བཅས་ལ་རྒྱབ་སྐྱོར་བྱས། དབུལ་སྐྱོར་མ་དངུལ་གཏོང་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། མ་རྐང་དངུལ་གཏོང་དང་བྱ་དགའི་ཁ་གསབ། དངུལ་བུན་གྱི་བུ་ལོན་ཁག་ཁུར་སོགས་བརྒྱུད་པའི་དབུལ་སྐྱོར་བྱེད་ཐབས་ཀྱི་བསྡུར་ཚད་ཇེ་མཐོར་བཏང་། དབུལ་ཕོངས་རྫོང་ནོར་སྲིད་ཀྱི་ཞིང་ལས་དང་འབྲེལ་བའི་མ་དངུལ་ལེགས་སྒྲིག་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་སྟེ། མ་དངུལ་གྱི་ཚད་ཐེར་ཆེན་གཉིས་དང་ཐེར་འབུམ་གཉིས་བྱེ་བ་དགུ་ལ་བསླེབ་ཡོད། མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕྱུགས་ལས་ཡིད་རྟོན་དངུལ་བུན་འགན་སྲུང་ཀུང་ཟི་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཐེབས་རྩ་དང་མཚོ་སྔོན་ཞིང་ཆེན་མཁོ་འདོན་ཕྱིར་འཚོང་སྡེ་ཚོགས་ཀུང་ཟི་ལ་མ་དངུལ་སྒོར་དུང་ཕྱུར་གསུམ་བསགས་ནས། དངུལ་ལོར་སྟེགས་བུ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་། ཞིང་ཕྱུགས་ལས་ཀྱི་རྣམ་པ་གསར་བའི་ཚོང་གཉེར་གྱི་ཐོན་ལས་དབུལ་ཐར་ལ་རྒྱབ་སྐྱོར་དང་རོགས་འདེགས་བྱས། ཞིང་ལས་ཉེན་ཚབ་ཁ་གསབ་མ་དངུལ་རིམ་པར་ཇེ་མང་དུ་བཏང་ནས། ནོར་དང་ལུག་གི་ཉེན་ཚབ་དེས་ཡུལ་ཤུལ་དང་རྨ་ལྷོའི་རྫོང་ཁག་སོ་སོར་ཁེབས་པར་བྱས།
སྐྱེ་ཁམས་ཁོར་ཡུག་ལ་མུ་མཐུད་དུ་ལེགས་བཅོས་ཐོབ། མ་དངུལ་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་གཉིས་བྱེ་བ་དྲུག་བཏང་སྟེ། རྩྭ་ཐང་དང་ནགས་ས། བརླན་ས་བཅས་ཀྱི་སྐྱེ་ཁམས་ཕན་འབྲས་ཁ་གསབ་སོགས་སྲིད་ཇུས་ཕྱོགས་ཡོངས་ནས་དངོས་འབེབ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་དང་གཙང་གསུམ་འབྱུང་ཡུལ་གྱི་དུས་རིམ་གཉིས་པ། ཆི་ལེན་རི་བོའི་སྐྱེ་ཁམས་སླར་གསོ་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་པར་མ་ཟད། སྦགས་བཙོག་བཅོས་སྐྱོང་གི་མཁྲེགས་གཏོར་སྙིང་བོར་བྱས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དངུལ་གཏོང་ཇེ་ཆེར་བཏང་སྟེ། གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མ་བཅས་མངོན་འགྱུར་བྱེད་པའི་ཁོར་སྲུང་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་བྱས་ཡོད།