མཚོ་སྔོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་ལུགས་ཚོད་གནས་བྱ་བ་སྔར་ལས་གཏིང་ཟབ་དུ་སྤེལ།
2019.02.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཉེ་ལམ། གསར་འགོད་པས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་བསྡུས་པའི། ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བར་སྤྱི་སྡོམ་དང་གཟེངས་བསྟོད་ཚོགས་ཆེན་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་ལུགས་ཚོད་གནས་བྱ་བ་སྔར་ལས་གཏིང་ཟབ་དུ་སྤེལ་བ་དང་། སྐྱེ་ཁམས་དོ་དམ་ཆུ་ཚད་སྔར་ལས་ཇེ་མཐོར་ཕྱིན་པར་མ་ཟད། ཚོད་གནས་ཕན་ནུས་སྔར་ལས་མངོན་གསལ་ཅན་དུ་གྱུར་ནས། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལས་དོན་ལ་ཉམས་མྱོང་དང་དཔེ་གཞི་གང་མང་འདོན་སྤྲོད་བྱས། 

ཉིས་སྟོང་བཅོ་བརྒྱད་ལོར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། ལྔ་བཞི་འཐབ་ཇུས་གཏིང་ཟབ་དུ་སྤེལ་བ་དང་། ཁྱོན་ཡོངས་ནས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ། སྟོབས་ཤུགས་གཅིག་བསྡུས་དང་བློ་སྤོབས་ཆེན་པོས་གསར་གཏོད་དང་དཀའ་ངལ་ཁྱད་དུ་སེལ་ནས། འཆར་འགོད་མ་ལག་ལེགས་པོ་ཞིག་བཙུགས་པར་མ་ཟད། རྒྱལ་ཁབ་ཀྱིས་ཁྱབ་སྒྲོག་བྱས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་ཅེས་པའི་རྨང་གཞིའི་སྟེང་དུ། སྐྱེ་ཁམས་སྲུང་སྐྱོབ་དང་དོ་དམ། གཞིས་ཁུལ་འཕེལ་རྒྱས། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། སྐྱེ་ཁམས་ཀྱི་མྱོང་སྣང་། ཁོར་ཡུག སློབ་གསོ། ཐོན་ལས་འཕེལ་རྒྱས། ཁྱད་ལྡན་ཚོང་གཉེར་སོགས་ཀྱི་ཆེད་དོན་ལས་རིམ་ལྔ་ལ་གཅིག་གྱུར་འཆར་འགོད་བྱས་ནས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་དང་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་གཉིས་ཀྱི་གྲོས་ཞིབ་ཆོག་མཆན་ཐོབ། 

དེར་མ་ཟད། རི་ཆུ་ནགས་གསུམ་དང་རྩྭ་ཐང་། མཚེའུ་བཅས་ཀྱི་རྩ་འཛུགས་ཁོར་སྲུང་དང་དང་དྲ་རྒྱ་ཅན་གྱི་སྐོར་ཞིབ་བྱ་བ་མངོན་དུ་འགྱུར་ཆེད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་ནང་དུ་ཁྱིམ་ཚང་གཅིག་ལ་ལས་གནས་གཅིག་ཡོད་པའི་སྐྱེ་ཁམས་དོ་དམ་གྱི་སྤྱི་ཕན་ལས་རྐང་གྲུབ་པར་བྱས་ནས། མིག་སྔར་དཔང་ཡིག་ཡོད་པའི་ཁོར་སྲུང་བ་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་ཡོད་ཅིང་། ལོ་རེར་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཅིག་ས་ཡ་བཞི་འབུམ་དགུ་ཁྲི་བཞི་ལྷག་གཏོང་གིན་ཡོད་པར་མ་ཟད། ཁྱིམ་ཚང་རེའི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱར་སླེབས་ཡོད།