མཚོ་སྔོན་གྱིས་ཡུལ་ཤུལ་ཁུལ་གྱི་གནོད་འགོག་ཕྱུགས་སྐྱོབ་བྱ་བ་ཤུགས་ཆེན་པོས་སྤེལ།
2019.02.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 84

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མངའ་ཁོངས་སུ་ཐེངས་དུ་མར་ཁངས་ཆེན་བབས་ནས། ཁུལ་ཁོངས་གཏོགས་ཀྱི་གྲོང་ཁྱེར་གཅིག་དང་རྫོང་ལྔ་ལ་རྣམ་པ་མི་འདྲ་བའི་སྒོ་ནས་ཁངས་སྐྱོན་གྱི་གནོད་འཚེ་ཐེབས་ཡོད་པ་དང་། ཁྱད་པར་དུ་རྫ་སྟོད་དང་ཆུ་དམར་ལེབ། ཁྲི་འདུ་རྫོང་བཅས་ཀྱི་ཞང་དང་གྲོང་རྡལ་ཁ་ཤས་ལ་ཁངས་སྐྱོན་གྱི་གནོད་པ་ཐེབས་ཚད་ཧ་ཅང་ཆེ་བས། འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་དཀའ་ཁག་ཆེན་པོ་བཟོས།

ཁངས་སྐྱོན་བྱུང་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལས་དོན་དེར་མཐོང་ཆེན་བླ་མེད་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་། ཞིང་ཆེན་སྲིད་གཞུང་གི་ལས་བགོས་འགོ་ཁྲིད་བཅས་ཀྱིས་སོ་སོར་མཆན་བཀོད་མཛུབ་སྟོན་བྱས་ཏེ། གནོད་འགོག་ཕྱུགས་སྐྱོབ་བྱ་བ་བཟང་བོར་བསྒྲུབ་པ་དང་། ཁངས་སྐྱོན་ཉེན་འགོག་སོགས་ཀྱི་ཐད་ནས་བཀོད་སྒྲིག་ཞིབ་ཕྲ་བྱས། 

ཟླ་གཉིས་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔའི་བར་དུ། ཞིང་ཆེན་ནས་གཟན་རྩྭ་དང་གཟན་ཆས་ཏུན་སྟོང་བཞི་དང་ལྔ་བརྒྱ་ལྷག་དབོར་འདྲེན་བྱས་པ་དང་། གཟན་རྩྭ་དང་གཟས་ཆས་ཏུན་བདུན་བརྒྱ་ལྷག་གིས་རོགས་སྐྱོར་བྱས་ཏེ། གནོད་འགོག་ཕྱུགས་སྐྱོབ་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད།