ད་ལོའི་ལུགས་རྙིང་ལོ་སར་དང་བོད་ལུགས་ལོ་སར་དུས་མཉམ་དུ་འཁེལ་ཡོད་པ་དང་། ས་ཁུལ་སོ་སོའི་བོད་རིགས་མང་ཚོགས་དག་གླུ་ལེན་གར་རྩེད་ལ་རོལ་བ་དང་སྲོལ་རྒྱུན་ཟས་རིགས་ལ་རོལ་ཏེ། དུས་ཆེན་གྱི་སྤྲོ་དགས་བཟི་བར་བྱས་ཡོད།
ལོ་སར་སྐབས་ཀྱི་ལྷ་ས་རུ་མི་ཚོགས་ཀྱི་འདུ་འཛི་རྒོད་ཅིང་གང་སར་ལོ་སར་གྱི་རྣམ་པས་ཁེངས་འདུག ཕོ་བྲང་པོ་ཏ་ལའི་འདབས་རོལ་གྱི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ངོ་མཚར་བའི་ལོ་སར་གྱི་རིག་རྩལ་འཁྲབ་སྟོན་དུས་ལྟར་སྤེལ་བ་དང་། ཞབས་བྲོ་དང་བོད་ཀྱི་ཟློས་གར། གླུ་གཞས་སོགས་འཕྲོ་རིམ་འཕྲོར་འཁྲབ་སྟོན་བྱས་ཏེ། གྲོང་ཁྱེར་སྡོད་དམངས་དང་གནས་སྐོར་བར་དུས་ཆེན་གྱི་སྨོན་འདུན་ཞུས།
ལྷ་ས་གྲོང་ཁྱེར་གྱི་ཀུའུ་རོང་ཞང་སྐྱེ་ཁམས་གནས་སྤོར་ཁུལ་དུ། ན་ནིང་ནག་ཆུ་ནས་གནས་སྤར་ཡོང་བའི་འབྲོག་པ་མང་ཚོགས་དག་མཉམ་དུ་འཛོམས་ཏེ། ཁྱིམ་གཞིས་གསར་བའི་བོད་ལུགས་ལོ་སར་ཐོག་མར་རོལ།
སི་ཁྲོན་དཀར་མཛེས་ནས་རྟ་རྒྱུག་འགྲན་སྡུར་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འགྲེམ་སྟོན་སོགས་དམངས་སྲོལ་བྱ་འགུལ་སྣ་ཚོགས་སྤེལ་ཏེ་བོད་ལུགས་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུས། ཆུ་ཕུད་དང་བོ་ལེན་པ་དེ་བོད་རིགས་མང་ཚོགས་ཀྱི་ལོ་གསར་བའི་གོམས་སྲོལ་ཞིག་ཡིན་པ་དང་། དར་རྩེ་མདོ་རུ་མི་དམངས་ཀྱིས་དེམ་དང་ཆུ་ཟོ་སོགས་བཟུང་ནས་ཆུ་ཕུད་དང་པོ་བརྩད་དེ་ལོ་གསར་བའི་ནང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས།
ཡུན་ནན་བདེ་ཆེན་དང་ཀན་སུའུ་དཔའ་རིས། མཚོ་སྔོན་ཡུལ་ཤུལ་སོགས་སུ་བོད་རིགས་མང་ཚོགས་དག་གིས་སྤྲོ་དགའི་བསྐོར་བྲོ་འཁྲབ་བཞིན་མཉམ་དུ་མཛེས་སྡུག་གི་འཚོ་བ་མཉམ་རོལ་བྱས་ཏེ། ལོ་གསར་བར་རྟེན་འབྲེལ་ཞུས།