ཉིས་སྟོང་བདུན་ལོ་ནས་བཟུང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གིས་རྫོང་མི་དམངས་སྨན་ཁང་གི་སྣེ་ཁྲིད་འོག་ནས། ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གཞི་གཅིག་ཏུ་སྦྲེལ་ཏེ། ཐོན་ཁུངས་མཉམ་སྤྱོད་དང་གཞི་རིམ་མང་ཚོགས་ལ་ནད་བཅོས་བྱེད་པ། རིམ་པ་བགར་ནས་སྨན་བཅོས་བྱེད་པ་བཅས་གཙོ་བོ་ཡིན་པའི་སྨན་བཅོས་ཐུན་མོང་ལམ་ལུགས་བཙུགས་ནས། ནད་ཆུང་ངུ་ཡིན་ན་སྡེ་བ་ལས་གཞན་པར་འགྲོ་མི་དགོས་པ་དང་། སྤྱིར་བཏང་གི་ནད་ཡིན་ན་ཞང་དང་གྲོང་རྡལ་ནས་སྨན་བཅོས་བྱེད་ཐུབ་པ། རྒྱུན་མཐོང་གི་ནད་རིགས་དང་བྱུང་ཐེངས་མང་པའི་ནད་ཡིན་ན་རྫོང་རིམ་པའི་སྨན་ཁང་ནས་སྨན་བཅོས་བྱས་ཆོག་པ་བཅས་ཀྱི་ཞབས་ཞུའི་རྣམ་པ་ལེགས་པོ་བསྐྲུན་ཏེ། ཕན་འབྲས་ལྡན་པའི་སྒོ་ནས་མཁར་གྲོང་མང་ཚོགས་ཀྱི་ནད་སྟོན་དཀའ་བ་དང་ནད་སྟོན་པར་འགྲོ་གྲོན་གྱིས་མི་འདང་བ། ཐག་རིང་ལ་ནད་སྟོན་པར་འགྲོ་དགོས་པ་བཅས་ཀྱི་དཀའ་ངལ་རིམ་པར་སེལ།
བསྡོམས་རྩིས་བྱས་པ་ལྟར་ན། ཉིས་སྟོང་བཅུ་གཉིས་ལོ་ནས་ད་ལྟའི་བར་དུ། རྫོང་ཡོངས་ཀྱི་སྨན་བཅོས་སྒྲིག་འཛུགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་དྲུག་ལྷག་བཏང་། རྫོང་རྒྱ་སྨན་ཁང་གི་ནད་སྡོད་ཐོག་ཁང་དང་། རྫོང་འགོས་ནད་ཉེན་འགོག་ལྟེ་གནས་ཀྱི་ལས་སྒྲུབ་ཁང་འཛུགས་སྐྲུན། ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་། ནད་སྡོད་ཐོག་ཁང་། བོད་སྨན་ཁང་བཅས་རིམ་པར་བཙུགས་ཏེ། སྨན་བཅོས་ཆུ་ཚད་སྔར་ལས་ཚད་ལྡན་ཅན་དུ་བཏང་བར་མ་ཟད། འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ཚད་སྔར་ལས་ཇེ་མཐོར་བཏང་དེ། མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་ཁོར་ཡུག་དང་ཆ་རྐྱེན་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་བཏང་།