ལུགས་རྙིང་ལོ་སར་སྐབས་སུ་མཚོ་སྔོན་གྱི་སྤྱི་ཚོགས་རྣམ་པ་གཏན་འཇགས་ཡིན་པ་དང་བདེ་སྲུང་སྒྲིག་ལམ་བཟང་།
2019.02.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

ཟླ་གཉིས་པའི་ཚེས་བཞི་ཉིན་ནས་ཚེས་བཅུའི་ཉིན་བར། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ལུགས་རྙིང་ལོ་སར་སྐབས་སུ་མི་རྒྱུན་དང་དངོས་རྒྱུན། རླངས་འཁོར་གྱི་རྒྱུན་མང་བ་དང་། འགལ་བ་དང་རྩོད་གླེང་འབྱུང་སླ་བ། བྱ་འགུལ་ཆེན་མོ་མང་བ། བདེ་འཇགས་ཀྱི་འགལ་རྐྱེན་སྣ་ཚོགས་པ། ཉེན་ཁ་ཇེ་ཆེར་འགྲོ་བའི་སྤྱི་ཚོགས་བདེ་སྲུང་གི་ཆོས་ཉིད་ཁྱད་ཆོས་ལ་དམིགས་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་བདེ་པུའུ་བཅས་ཀྱི་སྤྱིའི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། བདེ་སྲུང་བྱ་བ་སྣ་ཚོགས་བཟང་བོ་བསྒྲུབ་པར་གཅིག་གྱུར་བཀོད་འདོམ་བྱེད་པ། ཤུགས་ཆེན་པོས་སྤྱི་ཚོགས་རྣམ་པ་གཏན་འཇགས་ཡོང་བར་སྲུང་སྐྱོབ་བྱེད་པ། བདེ་སྲུང་སྒྲིག་ལམ་བཟང་བོར་འགན་སྲུང་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་མཚོ་སྔོན་དུ་ཡོང་བའི་གནས་སྐོར་བ་དག་གིས་སྤྲོ་སྐྱིད་དང་འཆམ་མཐུན། བདེ་འཇགས་བཅས་ཀྱི་ལོ་སར་སྐྱིད་པོ་ཞིག་རོལ་བར་འགན་སྲུང་བྱས།
རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ཏང་ཨུའི་སྲིད་གཞུང་དང་གོང་རིམ་སྤྱི་བདེ་ལས་ཁུངས་ཀྱི་གཅིག་གྱུར་མགོ་ཁྲིད་འོག མགོ་ཁྲིད་སྣེ་ཁྲིད་ནུས་པ་ལག་བསྟར་ནན་མོ་བྱེད་པ་དང་། དུས་ཚོད་ཉེར་བཞིའི་རིང་ལས་རེས་བྱེད་པ། མཉམ་འབྲེལ་དྲ་རྒྱར་དུས་ཚོད་ཉེར་བཞིའི་རིང་སྐོར་ཞིབ་བྱེད་པ། སྤྱི་ཚོགས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བྱེད་པ། ཚད་ཆེན་པོའི་སྒོ་ནས་ཉེན་རྟོག་པ་དག་སྲང་ལམ་གང་སར་བཀོད་སྒྲིག་བྱེད་པ། ཟོལ་མེད་ཀྱིས་ཉེན་རྟོག་པའི་དོན་དག་ཐག་གཅོད་བྱེད་པའི་ཚད་ཇེ་མཐོར་བཏང་སྟེ། མཐའ་གཅིག་ཏུ་རིགས་སྣ་ཚོགས་ཀྱི་ཁྲིམས་འགལ་ནག་ཉེས་བྱ་འགུལ་ལ་ཆམ་ཕབ་བཏང་བར་མ་ཟད། ལུགས་རྙིང་ལོ་སར་སྐབས་ཀྱི་འགྲུལ་སྐྱེལ་བདེ་སྲུང་ལ་ཟུང་འབྲེལ་བྱས་ཏེ། སྤྱི་སྤྱོད་དང་མེ་འཁོར་ས་ཚིགས། གནམ་གྲུ་ཐང་། རྒྱང་བཞུད་རླངས་འཁོར་ས་ཚིགས་བཅས་ཀྱི་སྐོར་གཡེང་བདེ་སྲུང་ལ་ཤུགས་སྣོན་བྱེད་པ་དང་། དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་བ་ཇེ་མཐོར་བཏང་། དེའི་ཞོར་དུ་སྤྱི་བདེ་འགྲིམ་འགྲུལ་སྡེ་ཁག་གིས་ལས་རེས་ཉེན་རྟོག་པ་མི་ཐེངས་སྟོང་དྲུག་དང་སུམ་བརྒྱ་སོ་བཞི་དང་རླངས་འཁོར་སྟོང་གཅིག་དང་ལྔ་བརྒྱ་ལྷག་བཀོད་སྒྲིག་བྱས་ཏེ། འགྲིམ་འགྲུལ་ཉེན་རྟོག་པའི་ཁྲིམས་བསྟར་ས་ཚིགས་ཉི་ཤུ་ལྷག་ཏུ་ལས་འགན་ལག་བསྟར་བྱེད་དུ་བཅུག་སྟེ། རིགས་སྣ་ཚོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་སྟོང་བཞི་དང་ལྔ་བརྒྱ་གྱ་དགུ་རྩད་ཆོད། ལུགས་རྙིང་ལོ་སར་སྐབས་ཀྱི་འགྲུལ་སྐྱེལ་འཚང་ཁ་ཆེ་བ་དང་ཁ་བ་འབབ་པ། ནམ་ཟླ་འཁྱག་པ་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཁྱད་དུ་བསལ་ནས། ཤུགས་ཆེན་པོས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་འགན་སྲུང་བྱས།
བསྡོམས་རྩིས་བྱས་པ་ལྟར་ན། དུས་ཆེན་སྐབས་སུ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་པ་ཁྲི་གཅིག་དང་སྟོང་གཉིས་བཞི་བརྒྱ་བཅུ་དྲུག་མངག་གཏོང་བྱས་པ་དང་། དྲག་ཆས་ཉེན་རྟོག་དམག་མི་སྟོང་བརྒྱ་དང་བཞི་བརྒྱ་ལྷག་དང་སྐོར་སྐྱོད་རླངས་འཁོར་སྟོང་གཉིས་དང་སུམ་བརྒྱ་ལྷག་མངག་གཏོང་བྱས། ཉེས་དོན་རིགས་ཀྱི་དོན་རྐྱེན་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་དྲུག་གཅིག་ཇེ་དམའ་རུ་སོང་བ་དང་། བདེ་སྲུང་རིགས་ཀྱི་དོན་རྐྱེན་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་དགུ་དང་གྲངས་ཆུང་གཉིས་བཞི་ཇེ་མཐོར་སོང་། འགྲིམ་འགྲུལ་རིགས་ཀྱི་དོན་རྐྱེན་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་གཅིག་གསུམ་ཇེ་དམའ་རུ་སོང་ཡོད།